གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 14:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཁྱུང་འབྲུག་སེང་གེའི་རི་མོས་བརྒྱན་ཞིང་རིན་པོ་ཆེའི་ཕྲ་བཏབ་པའི་རྒྱལ་པོའི་དབུ་ཞྭ་ལ་མུ་ཏིག་གི་ཅོད་པན་བཏགས་པ་ཞིག་འགྲེམས་སྒམ་ནང་བཞག་འདུག ཡུལ་སྐོར་བས་འཆར་ཤེལ་ལ་རེག་ཚེ། རྩ་གསུམ་པར་རིས་བརྒྱུད་ནས་ནོར་བུ་དལ་གྱིས་རང་འཁོར་རྒྱག་བཞིན་པ་མཐོང་ཐུབ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལམ་རྫོང་ཆོན་ཀོའུ་བང་སོ་ཨང་དང་པོ་ནས་ཐོན་པའི་རྒྱལ་པོའི་དབུ་ཞྭ་འདི་དང་དེ་དང་མཉམ་དུ་ཐོན་པའི་གཡུ་ཡི་ཕྲ་བཏབ་པའི་གསེར་ཕོར་དེ་ལོ་གཉིས་རིང་གི་ཞིག་གསོ་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔར་མཚོ་ནུབ་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱེད་བཞིན་ཡོད། དམིགས་བསལ་དུ་བཟོས་པའི་འགྲེམས་སྒམ་ནང་དུ། རྒྱལ་པོའི་དབུ་ཞྭའི་ནང་གི་དར་གོས་ལྷག་རོ་ལུས་ཡོད་པ་དང་སླར་གསོ་བྱས་རྗེས་ཀྱི་མུ་ཏིག་ཅོད་པན་ཡང་མཐོང་ཐུབ།
2019ལོར། གནའ་རྫས་རྟོག་ཞིབ་མི་སྣས་ཝུའུ་ལམ་ཆོན་ཀོའུ་རུ་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་བང་སོ་མྱུར་སྐྱོབ་རང་བཞིན་གྱིས་སྔོག་འདོན་བྱེད་སྐབས། བང་སོའི་དྲ་མིག་ནས་ཤིང་སྒམ་ཞིག་རྙེད་པ་དང་། དེའི་ནང་དུ་རྒྱལ་པོའི་དབུ་ཞྭ་གྲུ་བཞི་མ་ཞིག་དང་གཡུ་ཡི་ཕྲ་བཏབ་པའི་གསེར་ཕོར་ཡོད་པ་རེད།
མཁས་དབང་ལ་ལས། རྒྱལ་པོའི་དབུ་ཞྭ་དེའི་ཅོད་པན་ལ་ཀྲུང་ཡོན་ནང་སའི་ཤུགས་རྐྱེན་ཐེབས་ཡོད་ཅིང་། གསེར་ཕོར་ལ་ཨེ་ཤ་ཡ་དབུས་མའི་སྒྱུ་རྩལ་གྱི་ཉམས་འགྱུར་མཉམ་འདྲེས་བྱས་ཡོད། རྒྱལ་པོའི་དབུ་ཞྭ་སྟེང་གི་གཡུ་དང་། མུ་མེན། ཤེལ། མུ་ཏིག་སོགས་ནི་དར་གོས་ལམ་བུའི་མཚོ་སྔོན་ལམ་གྱི་ཚོང་དོན་འགྲོ་འོང་གི་དོན་དངོས་ར་སྤྲོད་བྱེད་དེ་ཡིན་པར་འདོད།
མཚོ་སྔོན་ཝུའུ་ལམ་ཆོན་ཀོའུ་རུ་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་བང་སོ་དེ་2019ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ནང་བདམས་པ་རེད། 2018ལོ་ནས་2019ལོ་བར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་། མཚོ་ནུབ་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་། ཝུའུ་ལན་རྫོང་རིག་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་དུར་ས་དེར་སྔོག་འདོན་བྱས་པ་རེད།