འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་8ཉིན།

༄༅།།ཨ་རིའི་འཇིཊ་སྐུལ་ཐད་ལན་བསློགས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་08ཉིན། 15:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་4ཚེས་7ཉིན། ཨ་རི་ཕྱོགས་ཀྱིས་སྔར་ལས་ལྷག་པར་ཀྲུང་གོར་སྒོ་ཁྲལ་50%སྣོན་བསྡུ་བྱ་རྒྱུའི་འཇིགས་སྐུལ་བྱས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱི་རིམ་སྤར་སྒོ་ཁྲལ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ན། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་གྱི་བྱེད་ཐབས་མཐའ་གཅིག་ཏུ་སྤྱད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན།

ཨ་རི་ཕྱོགས་ཀྱིས་ཀྲུང་གོར“འདྲ་མཚུངས་ཀྱི་སྒོ་ཁྲལ”ཞེས་པ་བསྡུ་བར་གཞི་འཛིན་ས་སྤུ་ཙམ་ཡང་མེད། དེ་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་པའི་བཙན་ཤེད་ཀྱི་བྱེད་སྟངས་ཤིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྤྱད་ཟིན་པའི་ངོ་རྒོལ་གྱི་བྱེད་ཐབས་ནི་རང་ངོས་ཀྱི་བདག་དབང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་དང་རྒྱུན་ལྡན་གྱི་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་ཡིན། དེ་ནི་ལུགས་མཐུན་གྱི་བྱེད་ཐབས་ཤིག་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་རིམ་སྤོར་བྱ་རྒྱུའི་འཇིགས་སྐུལ་བྱས་པ་དེ་ནི་ནོར་འཁྲུལ་ཐོག་ནོར་འཁྲུལ་བརྩེགས་པ་ཞིག་ཡིན་ཞིང་། ཨ་རི་ཕྱོགས་ཀྱི་སྙད་འཚོལ་འཇིགས་སྐུལ་གྱི་ངོ་བོ་ཡང་བསྐྱར་ཕྱིར་མངོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དེ་དང་ལེན་གཏན་ནས་མི་བྱེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་ན་ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་དུ་ལངས་ཁོ་ཐག་ཡིན།

ཀྲུང་གོ་ཕྱོགས་ནས་ཉོ་ཚོང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་སྲུང་སྐྱོབ་རིང་ལུགས་ལ་མདུན་ལམ་མེད་པ་བསྐྱར་བསྒྲགས་བྱ་རྒྱུ་ཡིན། གནོན་ཤུགས་དང་འཇིགས་སྐུལ་ནི་ཀྲུང་གོ་དང་འབྲེལ་འདྲིས་བྱེད་པའི་ཡང་དག་པའི་བྱེད་ཐབས་མིན། ཀྲུང་གོ་ཕྱོགས་ནས་ཨ་རི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་དང་། ཀྲུང་གོར་ཕྱོགས་རྐྱང་པའི་སྒོ་ཁྲལ་བྱེད་ཐབས་ཡོད་ཚད་མེད་པར་བཟོ་བ། ཀྲུང་གོར་དཔལ་འབྱོར་ཉོ་ཚོང་གི་གནོན་ཤུགས་སྤྲོད་མཚམས་འཇོག་པ། ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འདྲ་མཉམ་ཐོག་གླེང་མོལ་བྱེད་པར་བརྟེན་ནས། ཕྱོགས་འགལ་ཐག་གཅོད་འོས་འཚམ་བཅས་བྱ་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན།