གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་08ཉིན། 14:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་སི་ཞུང་། ལི་མའོ་དབྱིང་།
སྔོག་འདོན་འཕྲུལ་འཁོར་དང་ས་འབུད་འཕྲུལ་འཁོར་སོགས་འཕྲུལ་འཁོར་སྣ་ཚོགས་བཀོལ་བའི་འུར་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ཡུང་ཏེ་རྫོང་གི་མཉམ་སྤྱོད་ནུས་གསོག་རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་བྲེལ་ཧ་ཅང་ཆེན་པོ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང“ཐོན་ལས་གསར་གཏོད་ལ་དམ་འཛིན་བྱེད་པར་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་འདི་བརྟན་པོར་སྲུང་དགོས”ཞེས་ནན་བཤད་གནང་ཡོད། འདི་ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས“ཡུན་ནན་གྱིས་ཚན་རྩལ་གསར་གཏོད་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་ནས་ཐོན་ཁུངས་རྣམ་པའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་སྟེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
ཡུན་ནན་གྱིས་དངོས་ཚན་དཔལ་འབྱོར་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཚད་བརྒལ་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་བཟོ་ལས་དང་། ཞིང་ལས། ནུས་རྒྱུ་སོགས་ཐོན་ལས་རྣམ་གྲངས་གལ་ཆེན་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད།
ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱས་པ་དང་། “ཐོན་ལས་ལ་དམ་འཛིན་ཆེན་པོ་དང་རྣམ་གྲངས་ལ་དམ་འཛིན་ཆེན་པོ་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་13བསྟུད་མར་ཐོན་ལས་རྣམ་གྲངས་གལ་ཆེན་བཀོད་གཏོང་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་། ཐོན་ལས་མ་འཇོག་གིས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ནང་བཟུང་བའི་བསྡུར་ཚད་དེ་2021ལོའི་30.6%ནས་2024ལོའི་52.1%བར་མཐོ་རུ་ཕྱིན་ཡོད། དཔལ་འབྱོར་གྱི་ཕན་འབྲས་ལེགས་པ་དང་། ཐོན་ཚད་ཀྱི་ཕན་འབྲས་ཆེ་བ། ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་བཅས་ཀྱི་རྣམ་གྲངས་འབོར་ཆེན་གཅིག་རྗེས་གཉིས་མཐུད་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ལོ་རེར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4500དང་ལོ་རེར་ཁྲལ་འབབ་སྒོར་དུང་ཕྱུར་170འཕར་བ། ལས་ཞུགས་ལས་གནས་ཁྲི་32ལྷག་ཙམ་མཁོ་འདོན་བྱས་ཡོད།
ཡུན་ནན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་མིང་གིས་འདི་ལོ་ཡུན་ནན་གྱིས་ཆན་ཝ་ཁྲི་1600ཡན་ཟིན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཁག་བསྐྱར་དུ་ལས་འགོ་བཙུགས་ནས་ཐོན་སྐྱེད་བྱ་རྒྱུ་དང་འབྲེལ། ནུས་རྒྱུ་གསར་པའི་མ་གནས་མཛུབ་ཁྲིད་ལམ་སྲོལ་ལེགས་སུ་བཏང་ནས་ལྗང་མདོག་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ཡང་བྱ་རྒྱུ་དང་། གནོད་མེད་ཧ་ཡང་དང་། སྭེལ་འོད་ཤུགས། ནུས་རྒྱུ་གསར་པའི་གློག་རྫས་སོགས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ། ཐོན་ལས་འཁོར་འབྲེལ་ཁྲོད་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་ཚོང་པ་འགུག་ཐབས་བྱས་ནས་འཁོར་འབྲེལ་སྣུར་སྲིང་བྱེད་པ་དང་། འཁོར་འབྲེལ་ཁ་གསབ་བྱེད་པ། འཁོར་འབྲེལ་སྟོབས་ཆེར་གཏོང་བ་བཅས་ཀྱི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་ཏེ། ཐོན་ལས་རིན་ཐང་འཁོར་འབྲེལ་ཁྲོད་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
ཡུན་ནན་ཞིང་ཆེན་གྱིས《2025ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་ལས་དོན་ཇུས་གཞི》བཟོས་ནས་བཏོན་ཏེ། ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་བཟོ་ལས་བརྟན་པོའི་ངང་འཕར་རྒྱུ་སོགས་ཕྱོགས་9ནས་གཙོ་གནད་ལས་འགན་ཁ་གསལ་བཟོས་ནས་རྣམ་གྲངས་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་རྒྱུ། ཐོན་ལས་མ་འཇོག་འཕར་བའི་འཕེལ་ཕྱོགས་བརྟན་དུ་གཏོང་རྒྱུ་བཅས་རེད།
ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་དམ་འཛིན་བྱ་གཞིར་བྱས་ནས་འཛུགས་སྐྲུན་འཆར་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་ཤིང་། ཁུན་མིང་ཀྲུང་གོ་ཧ་ཡང་སྲབ་མོའི་ནུས་རྒྱུ་གསར་མའི་སྤུས་ལེགས་ལྕགས་ལེབ་རྣམ་གྲངས་འགོ་ཚུགས་པ་དང་། ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཀོ་ལང་གཙང་པོའི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་སྡེ་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཀོང་ནན་རྫོང་པ་མེ་ཡུལ་སྐོར་མཛེས་ལྗོངས་ཁུལ་སྒྱུར་བཀོད་བྱེད་པ་ལ་སོགས། ལས་དུས་བརྩོན་ལེན་དང་། མྱུར་ཚད་དམ་འཛིན། སྤུས་ཚད་འགན་ལེན་བཅས་བྱས་ཤིང་། དུས་ཚིགས་དང་པོའི་ཚུན་དུ་ཡུན་ནན་གྱི་ཐོན་ལས་རྣམ་གྲངས་གལ་ཆེན་ལ་ཚ་ཚ་འུར་འུར་ངང་སྐུལ་འདེད་བཏང་ཡོད།
རྣམ་གྲངས་ལ་དམ་འཛིན་དང་། ཁེ་ལས་ལ་རོགས་སྐྱོར། ཐོན་ལས་སྐྱེད་སྲིང་བཅས་ལ་དམིགས་ནས་ཡུན་ནན་གྱིས་རྒྱུན་ཆད་མེད་པར་ཐོན་ལས་ལ་བརྟེན་ནས་གནད་སྨིན་ཚོང་འགུག་ལ་ཤུགས་སྣོན་རྒྱག་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། “ཐིང་ཀྲང་དང་ཅུས་ཀྲང་གིས་གཏུག་བཤེར་དང་ལེན་བྱེད་པའི”ལས་རྣམ་གསར་པ་བཏོད་དེ་རང་འགུལ་ངང“སྐོར་སྐྱོད་བརྟག་དཔྱད”དང“སྒོ་རྩར་བརྟག་དཔྱད”བྱེད་པར་སྐྱོད་པ། འཐབ་ཕྱོགས་དང་པོ་དང་། གླིང་ཁུལ། ཁེ་ལས་བཅས་སུ་བསྐྱོད་ནས་ངོ་ཐུག་གདོང་འཕྲད་ཀྱིས་གནད་དོན་དངོས་ཐག་གཅོད་བྱེད་པ། ཐོན་ལས་རྣམ་གྲངས་གལ་ཆེན་སྔ་ཙམ་བསྐྲུན་པ་དང་། སྔ་ཙམ་ཐོན་སྐྱེད་ཐུབ་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་བ། ཐོན་ལས་མ་འཇོག་ལ་ཕྱོགས་མང་པོ་ནས་ཤུགས་རྒྱག་པ་བཅས་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
“ང་ཚོས་ཐོན་ལས་མཉམ་འདྲེས་དང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་བྱེད་པ་དང་། ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ལ་བཀོད་སྒྲིག་བཅས་བྱས་ནས་ཡུན་ནན་གྱི་ཁྱད་ཆོས་མཚོན་པ་དང་འགྲན་རྩོད་ཀྱི་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་ཀྱི་ཡིན”ཞེས་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་བཤད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་པ་ཕན་གྱིས་ཞུས)