གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་08ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དྭངས་གསལ་དུས་ཚིགས་སུ། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་དོན་གཅོད་ཁང་དང་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་སོགས་ཀྱིས་དུར་མཆོད་ཀྱི་བྱེད་སྒོ་སྤེལ་ནས། ཕྱི་རྒྱལ་དུ་རང་སྲོག་ལེགས་སྐྱེས་ཕུལ་མཁན་སྔོན་གཤེགས་དཔའ་བོ་དང་དེ་བཞིན་ཕྱི་རྒྱལ་དུ་རོགས་སྐྱོར་བྱེད་རིང་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་མཁན་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་སོགས་ལ་མཆོད་འབུལ་དང་དྲན་གསོ་ཞུས་པ་རེད།
ཟླ་4ཚེས་3ཉིན། ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ལུ་ས་ཁ་ཞིང་ཆེན་ཆུང་ཀུའེ་ས་ཁུལ་དུ་ཡོད་པའི་ཐན་ཙན་ལྕགས་ལམ་དྲན་གསོ་ཁང་དུ“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི”བྱེད་སྒོ་སྤེལ་ནས་ཐན་ཙན་ལྕགས་ལམ་འཛུགས་སྐྲུན་སོགས་ཀྲུང་ཙན་མཛའ་གྲོགས་བྱ་གཞག་ཁྲོད། རང་སྲོག་ལེགས་སྐྱེས་ཕུལ་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣར་དྲན་གསོ་ཟབ་མོ་ཞུས་པ་རེད།
ཟླ་4ཚེས་3ཉིན། ཐུ་ནི་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་དགུ་པ་ཅན་ཏུའུ་པའེ་ཞིང་ཆེན་དང་ཤིས་ཏི་པུའུ་ཅི་ཏེ་ཞིང་ཆེན་གྱི་སྤྱི་པའི་དུར་སར་བསྐྱོད་དེ། ཐུ་ནི་སིར་སྐུ་གཤེགས་པའི་སྨན་བཅོས་རུ་མི་ཚའོ་ཤན་ཆིང་དང་ལིའུ་ཅིན་ཡུན་གྱི་དུར་ས་ཕྱགས་ནས་ཕྱི་རྒྱལ་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་བྱ་གཞག་ཆེད་རང་སྲོག་ལེགས་སྐྱེས་ཕུལ་མཁན་རུ་མི་རྒན་གྲས་ལ་དྲན་གསོ་ཟབ་མོ་ཞུས་པ་རེད།
ཟླ་4ཚེས་4ཉིན། ཆ་ཏེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ཏན་ཡོན་ཕེང་གིས་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་མི་སྣ་དང་། ཆ་ཏེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉི་ཤུ་པའི་རུ་མི་ཡོངས་དང་དེ་བཞིན་ཀྲུང་ཆ་མཛའ་གྲོགས་སྨན་ཁང་གི་འཐུས་མི་བཅས་ཀྱི་སྣེ་ཁྲིད་དེ་ཨེན་ཅ་མེ་ནའི་སྤྱི་པའི་དུར་སར་བསྐྱོད་དེ་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་རིང་སྐུ་གཤེགས་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་པ་ལི་ཧུང་ལིང་གི་དུར་ས་ཕྱགས་པ་རེད།
ཟླ་4ཚེས་4ཉིན། ཕ་ཁི་སི་ཐན་བྱང་རྒྱུད་ཀྱི་ཅིར་ཅི་ཐེ་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཕ་ཁི་སི་ཐན་ཕྱོགས་ཀྱི་དཔོན་རིགས་དང་ཕ་ཁི་སི་ཐན་རྒྱ་ཡིག་སློབ་གསོ་མཐུན་ཚོགས་སོགས་སྒྲིག་གཞིའི་འཐུས་མི་དང་དེ་བཞིན་ལས་རིགས་ཁག་གི་དམངས་ཚོགས་དྲན་གསོའི་བྱེད་སྒོར་ཞུགས་ནས། ཁཱ་ལཱ་ཁུན་ལུན་གཞུང་ལམ་འཛུགས་སྐྲུན་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་ཀྲུང་གོའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དྭངས་གསལ་དུས་ཚིགས་སུ། སེར་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཝུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དུར་མཆོད་བྱེད་སྒོ་སྤེལ་ནས། ཕྱི་རྒྱལ་དུ་སྐུ་གཤེགས་མཁན་སྔོན་གཤེགས་དཔའ་བོ་དང་དེ་བཞིན་ཕྱི་རྒྱལ་དུ་རོགས་སྐྱོར་བྱེད་རིང་སྐུ་གཤེགས་མཁན་རིགས་གཅིག་མཁས་ཅན་ལ་དྲན་གསོ་ཞུས་པ་རེད།
ཡུ་ཀོ་སི་ལ་ཝི་ཡ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་ཡུལ་རྙིང་པའི་མདུན་དུ་ལུག་མིག་མེ་ཏོག་དཀར་པོས་བརྒྱན་པ་དང་མཛད་རྗེས་རྡོ་རིང་འགྱིང་ངེར་གནས་ཡོད། སེར་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མིང་གིས་གཞུང་ཚབ་ཆེ་མོ་ཁང་གི་ལས་མི་ཡོངས་དང་ཀྲུང་གོའི་མ་འཇོག་ཁེ་ལས་དང་། གསར་འགྱུར་སྨྱན་སྦྱོར། ཕྱི་སྦྱོང་དགེ་སློབ། ཕྱིར་སྡོད་སྤུན་ཟླའི་ཚོགས་པ་བཅས་ཀྱི་འཐུས་མིའི་སྣེ་ཁྲིད་དེ་དེ་གར་བརྗིད་ཉམས་ལྡན་པའི་དུར་མཆོད་བྱེད་སྒོ་སྤེལ་ནས་1999ལོར་བྱང་ཆིངས་ཀྱི་འབར་གས་ཁྲོད་སྐུ་གཤེགས་མཁན་སྔོན་གཤེགས་དཔའ་བོ་ཧྲའོ་ཡུན་ཧོན་དང་། ཞུས་ཤིན་ཧུའུ། ཀྲུའུ་དབྱིན་བཅས་སྔོན་གཤེགས་དཔའ་བོ་གསུམ་ལ་དྲན་གསོ་ཟབ་མོ་ཞུས་པ་རེད། དེར་ཡོད་མི་སྣ་ཡོངས་དྲན་གསོའི་རྡོ་རིང་མདུན་དུ་གུས་སྟབས་ཀྱིས་ལངས་ནས་དཔའ་བོ་གསུམ་ལ་མེ་ཏོག་ཕྲེང་བ་ཕུལ་བ་དང་འབྲེལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།