གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་07ཉིན། 14:47】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྤྱིའི་གསེར་གྱི་རིན་གོང་གཟའ་འཁོར་སྔོན་མའི་གཟའ་ལྷག་པར་ཡང་བསྐྱར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར་3196ལ་སླེབས་པ་དང་། ཨང་སི་རེར་ཨ་སྒོར་3200གི་འགག་སྒོ་དང་ཉེ་བར་བཅར་ཡོད། ཚོང་མཇུག་བསྒྲིལ་བའི་བར། ཉིའུ་ཡོག་ཚོང་ཟོག་ཉོ་ཚོང་ཁང་གི་ཟླ་6པའི་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་3166.2བསྡུས་པ་དང་འཕར་ཚད་0.64%ཟིན་ཡོད་པ་རེད།
ཉེ་ཆར། ཧྲང་ཧའེ་གསེར་ཉོ་ཚོང་ཁང་གིས《ཉེ་དུས་ཁྲོམ་རའི་ཉེན་ཁ་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།
《བརྡ་ཐོའི》ནང་བསྟན་དོན། ཉེ་ལམ་ཁྲོམ་རའི་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་ངེས་གཏན་མེད་པའི་རྒྱུ་རྐྱེན་ཅུང་མང་པས་གསེར་གོང་རྒྱུན་མཐུད་ངང་འཕར་ཆག་ཆེན་པོ་བྱུང་ནས་ཁྲོམ་རའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ཚོགས་མི་ཁག་གིས་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མུ་མཐུད་དུ་ཉེན་ཁའི་འཕྲལ་བསྟུན་སྔོན་ཇུས་ཞིབ་ཚགས་ངང་ཡག་པོ་བཟོས་ནས། ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྲུང་སྐྱོང་བྱེད་པ་དང་། མ་དངུལ་འཇོག་མཁན་ལ་ཉེན་ཁ་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་བ་དང་། མཛོད་གནས་ཚོད་འཛིན་ལུགས་མཐུན་དང་ཚུལ་མཐུན་གྱིས་དངུལ་འཇོག་བྱེད་དགོས།