དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་176དང་དོས་སྒམ་འདོན་འཇུག་བྱེད་ཚད་དུང་ཕྱུར་3.3ཟིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་07ཉིན། 13:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་29ཉིན། གསར་འགོད་པས“ཡིད་དབང་འཕྲོག་པའི་གྲུ་ཁ། གསོན་ཤུགས་ལྡན་པའི་ཀྲུང་གོ·འཛམ་གླིང་གི་གྲུ་ཁ་རྩེ་གྲ་འཛུགས་སྐྲུན”བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོར་རྒྱལ་ཡོངས་ཀྱི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་176དང་དོས་སྒམ་འདོན་འཇུག་བྱེད་ཚད་དུང་ཕྱུར་3.3ཟིན་ནས་འཛམ་གླིང་གི་ཨང་དང་པོར་མུ་མཐུད་གནས་ཡོད། 2024ལོའི་ལོ་མཇུག་བར། གོ་ལ་ཧྲིལ་པོའི་དངོས་ཟོག་འདོན་འཇུག་བྱེད་ཚད་དང་དོས་སྒམ་འདོན་འཇུག་བྱེད་ཚད་ཨང་རིམ་མདུན་གྲས་ཀྱི་གྲུ་ཁ་བཅུའི་ནང་རང་རྒྱལ་གྱིས་ཨང་བརྒྱད་པ་དང་དྲུག་པ་སོ་སོར་བཟུང་ཡོད།
མིག་སྔར། རང་རྒྱལ་དུ་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་དང་། འབྲི་ཆུའི་ཟུར་གསུམ་ཁུལ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་སོགས་འཛམ་གླིང་རིམ་པའི་གྲུ་ཁའི་ཁྱུ་ཚོགས་ཆགས་ཡོད་པ་དང་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་གཞི་ཁྱོན་ལོ་མང་རིང་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད། དངོས་ཟོག་གཙོ་བོའི་སྐྱེལ་འདྲེན་མ་ལག་གི་གྲུ་ཁའི་བཀོད་སྒྲིག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་གཏིང་ཟབ་པའི་ཆེད་ལས་ཅན་གྱི་གྲུ་ཁ་ཆེ་གྲས་ཀྱི་གྲུ་ཁའི་བསྡུར་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། རིག་ལྡན་ལྗང་མདོག་གྲུ་ཁ་མགྱོགས་མྱུར་འཛུགས་སྐྲུན་བྱས་པ་དང་རང་རྒྱལ་གྱིས་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་རང་འགུལ་ཅན་གྱི་གྲུ་ཁའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཐཱན་མེད་ལ་ཉེ་བའི་གྲུ་ཁ་ཁག་གཅིག་མགྱོགས་མྱུར་གསར་སྐྲུན་བྱེད་བཞིན་ཡོད།
རང་རྒྱལ་གྱི་གྲུ་ཁ་འཛུགས་སྐྲུན་ཐད་མཉམ་འདྲེས་འཕེལ་རྒྱས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། གྲུ་ཁའི་སྡུད་ཐོར་དབོར་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཐོག་ནས་ཆུ་ཐོག་ཏུ་དབོར་འདྲེན་དང་ལྕགས་ལམ་དང་ཆུ་ལམ་མཉམ་འདྲེས་སྐྱེལ་འདྲེན་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ས་ཁོངས་གྲུ་ཁ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཚན་ཚན་ཕྲེང་འབྲེལ་དང་མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་དང་གྲུ་ཁའི་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་ནས། གྲུ་ཁའི་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མ་ཁྱབ་སྤེལ་བེད་སྤྱོད་བྱེད་མགྱོགས་སུ་གཏོང་རྒྱུ་རེད། (ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)