འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་1ཉིན།

༄༅།།བརྙན་ལེན་ཆས་འདི་ལྟར་སྒྲིག་སྦྱོར་བྱེད་མི་ཆོག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་01ཉིན། 14:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་4ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱི་མ་ལག་རང་བཞིན་གྱི་སྤྱི་པའི་བདེ་འཇགས་བརྙན་ལམ་དོ་དམ་ཚད་ལྡན་དུ་གཏོང་བའི་སྲིད་འཛིན་ཁྲིམས་སྲོལ་དང་པོ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན། སྤྱི་པའི་ས་ཁོངས་གང་དག་ལ་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཆོག མི་སྒེར་གྱི་གསང་དོན་དང་མི་སྒེར་གྱི་ཆ་འཕྲིན་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱ་དགོས། གསར་དུ་ལག་བསྟར་བྱེད་པའི《སྤྱི་པའི་བདེ་འཇགས་བརྙན་རིས་ཆ་འཕྲིན་མ་ལག་དོ་དམ་སྲོལ་ཡིག》ཏུ་གཏན་འབེབས་ཁ་གསལ་བཟོས་ཡོད།

སུ་ཞིག་གིས་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་ཆོག་པ་དང་། སུ་ཞིག་གིས་དོ་དམ་དང་གང་ལྟར་དོ་དམ་བྱེད་དགོས་སམ།

ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་མྱུལ་ཞིབ་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའུ་ཝེ་ཅུན་གྱིས་མཚམས་སྦྱོར་བྱས་དོན། སྒྲིག་སྲོལ་གསར་པའི་ནང་འཛུགས་སྐྲུན་བྱེད་པོ་དེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། གཉེར་སྐྱོང་དོ་དམ་ཚན་པ། བདེ་འཇགས་སྔོན་འགོག་གི་འོས་འགན་ཡོད་པའི་ཚན་པའམ་མི་སྒེར་བཅས་སུ་ཚོད་འཛིན་བྱས་ཡོད་པ་དང་། འབྲེལ་བ་མེད་པའི་ཚན་པ་དང་མི་སྒེར་གཞན་དག་གིས་སྤྱི་པའི་བདེ་འཇགས་བརྙན་རིས་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་མི་ཆོག དམག་དོན་བཀག་སྡོམ་ཁུལ་དང་། དམག་དོན་དོ་དམ་ཁུལ། རྒྱལ་ཁབ་ལས་ཁུངས་སོགས་གསང་བ་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱི་མཐའ་འཁོར་དུ་མ་ལག་འཛུགས་སྐྲུན་བྱེད་པར་འབྲེལ་ཡོད་སྡེ་ཚན་གྱི་མོས་མཐུན་ཐོབ་དགོས།

སྲོལ་ཡིག་ནང་སྤྱི་པའི་བདེ་འཇགས་བརྙན་ལམ་མ་ལག་དོ་དམ་ཚན་པས་བརྙན་རིས་འཚོལ་བསྡུ་སྒྲིག་ཆས་སྒྲིག་སྦྱོར་བྱེད་གནས་དང་། ཟུར་ཚད། འཚོལ་བསྡུ་ཁྱབ་ཁོངས་བཅས་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས་པ་མ་ཟད། དྲན་སློང་མཚོན་རྟགས་གསལ་པོ་སྒྲིག་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྤྱི་དམངས་ཀྱིས་ཉེ་འགྲམ་གྱི་སྒྲིག་འགལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལ་ལྟ་སྐུལ་ཇི་ལྟར་བྱེད་དགོས།

ལིའུ་ཝེ་ཅུན་གྱིས་བཤད་དོན། སྤྱིར་བཏང་དུ་མང་ཚོགས་ཀྱིས“ཁྱེད་རང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཁུལ་དུ་ཡོད་པའི”དྲན་སྐུལ་མཚོན་རྟགས་མཐོང་སྲིད། མཚོན་རྟགས་མངོན་གསལ་མེད་པའི་བརྙན་ལེན་འཕྲུལ་ཆས་མཐོང་ན་མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱས་ཆོག སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།

ས་ཁུལ་འདི་དག་ལ་བརྙན་རིས་འཚོལ་བསྡུ་སྒྲིག་ཆས་བཀོད་སྒྲིག་མི་ཆོག

སྲོལ་ཡིག་ནང་གཏན་འཁེལ་བྱས་དོན། གཤམ་གསལ་དམིགས་བསལ་གྱི་གསང་བའི་ས་ཁོངས་སུ་བརྙན་རིས་འཚོལ་བསྡུ་སྒྲིག་ཆས་དང་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་བྱེད་མི་ཆོག་སྟེ།

མགྲོན་ཁང་དང་། ཟ་ཁང་། སྣེ་ལེན་ཁང་། གནས་ཚང་སོགས་སྣེ་ལེན་བྱེད་སའི་མགྲོན་ཁང་ངམ་ཡང་ན་ཁང་མིག་གཙང་གླའི་ནང་ཁུལ།

སློབ་མའི་ཉལ་ཁང་ནང་རོལ་དང་ཡང་ན་ཚན་པས་ནང་ཁུལ་གྱི་མི་སྣར་ཞག་སྡོད་དང་ངལ་གསོའི་ཞབས་ཞུ་མཁོ་འདོན་བྱེད་སའི་ཁང་པའི་ནང་ལོགས།

སྤྱི་པའི་ཁྲུས་ཁང་དང་། གསང་སྤྱོད་ཁང་། གྱོན་ཆས་བརྗེ་སའི་ཁང་མིག ནུ་བསྣུན་ཁང་། གྱོན་ཆས་ཚོད་ལྟ་ཁང་གི་ནང་ཁུལ་བཅས།

བརྙན་རིས་འཚོལ་བསྡུ་སྒྲིག་ཆས་སྒྲིག་སྦྱོར་བྱས་རྗེས་མི་གཞན་གྱི་གསང་དོན་གྱི་ས་ཁོངས་དང་གནས་གཞན་དག་བརྙན་ལེན་དང་། ལྐོག་ལྟ། ལྐོག་ཉན་བཅས་བྱེད་ཐུབ་ས་སོགས་ཚུད་ཡོད།

བརྙན་ལེན་སྒྲིག་ཆས་ལྐོག་ཏུ་སྒྲིག་སྦྱོར་བྱེད་མཁན་ལ་ཆད་པ་གཅོད་པ་མ་ཟད། ལྐོག་ཏུ་བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་པའི་ཟ་ཁང་དང་མགྲོན་ཁང་གིས་འགན་འཁུར་དགོས་སམ།

སྲོལ་ཡིག་ནང་གསར་དུ་ཁ་སྣོན་བྱས་པའི་གཏན་འབེབས་ལྟར་ན། གཉེར་སྐྱོང་དོ་དམ་གྱི་འགན་འཁྲི་ཡོད་པའི་ཚན་པའམ་ཡང་ན་མི་སྒེར་གྱིས་རྒྱུན་ལྡན་གྱི་དོ་དམ་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གོང་གསལ་ས་ཁོངས་དང་ཡུལ་གནས་སུ་བརྙན་རིས་འཚོལ་བསྡུ་སྒྲིག་ཆས་དང་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་ཤེས་ཚེ། འཕྲལ་དུ་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་ནས་ཐག་གཅོད་བྱ་དགོས།

ལིའུ་ཝེ་ཅུན་གྱིས་མཚམས་སྦྱོར་བྱས་པར་གཞིགས་ན། གལ་ཏེ་གཉེར་སྐྱོང་དོ་དམ་པས་འོས་འགན་མ་བསྒྲུབས་པའི་དབང་གིས་མགྲོན་ཁང་གི་འགྲུལ་ཁང་སོགས་ལ་མི་གཞན་གྱིས་ཁྲིམས་འགལ་གྱིས་བརྙན་རིས་འཚོལ་བསྡུ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཚེ་མགྲོན་ཁང་གིས་དེ་དང་བསྟུན་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།

མི་སྒེར་གྱིས་སྒོ་ཁར་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་ཆོག་གམ།

སྲོལ་ཡིག་ནང་ཁ་གསལ་བྱས་དོན། སྤྱི་སྤྱོད་ཡུལ་གནས་མིན་སར་བརྙན་རིས་འཚོལ་བསྡུ་སྒྲིག་ཆས་སྒྲིག་སྦྱོར་བྱས་ན་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག་པ་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག ཁྲིམས་འགལ་ངང་ཕྱི་ཕྱོགས་སུ་སྤྱི་པའི་བདེ་འཇགས་དང་། མི་སྒེར་གྱི་གསང་བ། མི་སྒེར་གྱི་ཆ་འཕྲིན་བཅས་དང་འབྲེལ་བ་ཡོད་པའི་བརྙན་རིས་ཆ་འཕྲིན་མཁོ་འདོན་བྱེད་པའམ་ཡང་ན་ཡོངས་བསྒྲགས་ཁྱབ་སྤེལ་བྱས་མི་ཆོག

མི་སྒེར་གྱིས་སྒོ་ཁར་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་སྐབས། དོན་དག་གང་དག་ལ་དོ་སྣང་བྱེད་དགོས།

སྒྲིག་སྦྱོར་མ་བྱས་གོང་ཁྱིམ་མཚེས་ཀྱི་མོས་མཐུན་ཐོབ་པའམ་ཡང་ན་ཁྱིམ་མཚེས་ལ་སེམས་བཟང་གི་དྲན་སྐུལ་བྱས་ན་བཟང་།

སྒྲིག་སྦྱོར་བྱེད་སྐབས། སྒྲིག་སྦྱོར་བྱེད་གནས་ཞིབ་ཚགས་ངང་འདེམས་པ་དང་ཟུར་ཚད་ལེགས་སྒྲིག་བྱས་ཏེ། བརྙན་ལེན་གྱི་ཁྱབ་ཁོངས་ནི་རང་ཁྱིམ་གྱི་སྒོ་ཁའི་དགོས་ངེས་ཀྱི་ས་ཁོངས་ཁོ་ན་ཙམ་ཡིན་པ་ཁག་ཐེག་བྱེད་དགོས། གཞན་ཡང་། རང་འགུལ་རྗེས་འདེད་དང་སྒྲ་ཕབ་སོགས་ཀྱི་ནུས་པའི་སྒོ་རྒྱག་གང་ཐུབ་བྱེད་དགོས།

སྒྲིག་སྦྱོར་བྱས་རྗེས་ངེས་པར་དུ་གསང་སྲུང་ནན་པོ་བྱས་ནས་ཆ་འཕྲིན་ཕྱིར་ཤོར་བར་སྔོན་འགོག་བྱེད་པ་ལས། ཁྲིམས་འགལ་གྱིས་ཕྱི་ཕྱོགས་ལ་འདོན་སྤྲོད་དང་ཡོངས་བསྒྲགས་ཁྱབ་སྤེལ་བྱས་མི་ཆོག

གལ་ཏེ་བརྙན་ལེན་འཕྲུལ་ཆས་ཀྱིས་ཁྱིམ་མཚེས་ཀྱི་ངོ་གདོང་དང་དེ་བཞིན་ཁྱིམ་མཚེས་ཀྱི་སྒོ་ཁའི་མི་སྣའི་འགྲོ་འོང་གནས་ཚུལ་ཐད་ཀར་ལེན་ཐུབ་ཚེ། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི“རང་ཉིད་ཀྱི་མི་ལུས་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་”བྱེད་པའི་དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་ནས་ཁྱིམ་མཚེས་ཀྱི་གསང་དོན་ལ་གནོད་འཚེ་བཏང་བའི་དོགས་པ་ཡོད།