གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་01ཉིན། 14:06】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ནོར་སྲིད་པུའུ་དང་། སློབ་གསོ་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས《2025ལོའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མི་དགོས་པ་དང་མ་དངུལ་དུས་འགྱངས་འཇལ་སྤྲོད་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས།
བརྡ་ཐོའི་ནང་བསྟན་དོན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། 2025ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་བྱ་བ་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱེད་ཆེད། ད་ལྟ་2025ལོའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མི་དགོས་པ་དང་། མ་དངུལ་དུས་འགྱངས་འཇལ་སྤྲོད་ཀྱི་ལས་ཀའི་བརྡ་ཐོ་གཤམ་གསལ་ལྟར།
གཅིག 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2025ལོ་དང་དེའི་སྔོན་གྱི་ལོ་འཁོར་ལ་མཐར་ཕྱིན་པའི་དངུལ་བུན་བསྐྱིས་པའི་སློབ་མས་2025ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མེད་པར་བཟོ་རྒྱུ་དང་། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་སྐྱེད་ཀའི་སྲིད་ཇུས་གཞིར་བཟུང་ནས། མེད་པར་བཟོས་པའི་སྐྱེད་ཀ་དེ་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་སོ་སོས་འགན་འཁུར་དགོས།
གཉིས། 2025ལོ་དང་དེའི་སྔོན་གྱི་ལོ་འཁོར་ལ་མཐར་ཕྱིན་པའི་དངུལ་བུན་བསྐྱིས་པའི་སློབ་མས་2025ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་གྱི་མ་དངུལ་དེ་སློབ་མས་རང་འགུལ་གྱིས་རེ་ཞུ་བྱས་པ་བརྒྱུད། ལོ་གཅིག་ཕྱིར་འགྱངས་བྱས་ནས་འཇལ་ཆོག འབྲེལ་ཡོད་གཏན་འབེབས་ལྟར་ན། དངུལ་བུན་གཏོང་ཡུན་རིང་ཤོས་ལོ་22ལས་མི་བརྒལ་བ་དང་། དངུལ་བུན་གཏོང་ཡུན་ཕྱིར་འགྱངས་བྱས་ན་ཆད་གཅོད་སྐྱེད་ཀ་དང་བསྐྱར་ཁེ་མི་བརྩི། ཉེན་ཁའི་རིགས་དབྱེ་གནས་སྐབས་སུ་དམའ་རུ་གཏོང་རྒྱུ་མིན།
གསུམ། རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་སྒྲུབ་འགན་འཁུར་བའི་དངུལ་ཁང་གིས་ལེགས་སྒྲིག་བྱས་རྗེས་ཀྱི་དངུལ་བུན་བཀོད་སྒྲིག་ལྟར། ཡིད་རྟོན་འདྲི་རྩད་ཆ་འཕྲིན་གོང་འབུལ་བྱ་དགོས་པ་དང་། གོང་འབུལ་བྱས་ཟིན་རིགས་ལེགས་སྒྲིག་བྱ་དགོས།
བརྡ་ཐོ་འདིའི་ནང་གཏན་འབེབས་བྱས་མེད་པའི་དོན་དག་རྣམས་ད་ལྟ་ལག་ལེན་བསྟར་བཞིན་པའི་འབྲེལ་ཡོད་སྲིད་ཇུས་ལྟར་ལག་ལེན་བསྟར་རྒྱུ།