འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་1ཉིན།

༄༅།།བོད་ཀྱི་ས་གནས་ཁག་གིས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་01ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་བཅུ་བདུན་པར་བསུ་བ་ཞུས་པ་དང་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུས་པ་རེད།

     སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ནམ་མཁའ་གཡའ་དག་ཅིང་མི་ཚོགས་ཀྱིས་ཁེངས། དམག་མིའི་རོལ་དབྱངས་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་ཆབས་ཅིག་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་2000ལྷག་ཙམ་རྔམ་བརྗིད་ལྡན་པའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་པ་རེད། ལོ་67ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐལ་སྤུངས་སྒང་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་བློ་བཟང་ཆོས་འཕེལ་གྱིས“ཐལ་སྤུངས་སྒང་ནི་སྡེ་ཁུལ་རྙིང་པ་ཞིག་ཡིན་ཞིང་། ད་ཆ་འདི་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་སྤུན་ཟླ་གཅེན་གཅུང་འཆམ་མཐུན་ངང་འཚོ་བ་སྐྱེལ་གྱི་ཡོད་པས་དངོས་གནས་སྐྱིད་པོ་འདུག དེ་དག་ནི་གུང་ཁྲན་ཏང་གིས་ང་ཚོར་གནང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་རེད”ཅེས་བཤད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་སྲིད་གཞུང་གི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཤིང་། བྱེད་སྒོ་སྤེལ་རིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་བལྟས་པ་དང་རྩ་ཆེའི་བརྙན་པར་དཔྱད་གཞི་བརྒྱུད་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཟབ་མོ་ཚོར་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སྨན་བཅོས་དང་སློབ་གསོ་སོགས་ཀྱི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བཏབས་ནས་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།

    “གློ་བུར་དུ་བརྒྱབ་པའི་ས་ཡོམ་ལས་ང་ཚོའི་ཁང་པ་ལོགས་པ་དང་། ང་ཚོས་དཀའ་ངལ་ཆེ་ཤོས་ལས་རྣམ་པར་རྒྱལ་ཏེ་ད་ཆ་སྡོད་ཁང་གསར་པ་བསྐྲུན་འགོ་ཚུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་སྔར་བས་ལེགས་སུ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གྲོང་མི་ཆུང་ལགས་ཀྱིས་བཤད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྡོ་རྗེ་ཤང་ཤིས་པ་གྲོང་ཚོས་གྲོང་ཚོ་ཨུ་ལྷན་དུ་གྲོང་ཚོའི་ལོ་རྒྱུས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཕུན་སུམ་ཚོགས་པའི་ཡིག་རིས་དཔྱད་གཞི་དང་དངོས་རྫས་འགྲེམས་སྟོན་ལས་ལྟ་སྐོར་བས་ཤིས་པ་གྲོང་ཚོའི་འཕེལ་རྒྱས་དང་འཕོ་འགྱུར་ཟབ་མོ་ཚོར་ཡོད། ལྟ་སྐོར་མཇུག་སྒྲིལ་རྗེས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པའི་སྒྲིག་འཛུགས་འོག་ཞིང་འབྲོག་མང་ཚོགས་ཀྱིས་རྐྱང་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་ཀྱི་རྣམ་པའི་ཐོག་ནས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་དོད་ཅིང་གང་སར་དགའ་སྤྲོའི་རྣམ་པས་ཁེངས།

     ཉིན་དེར་བོད་དུ་ད་དུང་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཕུར་སྒྲོན་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ལྔ་ཡིས་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་དངོས་དང་ཟུང་འབྲེལ་བྱས་ནས་བོད་རྙིང་པའི་མུན་ནག་གདུག་རྩུབ་དང་ཐ་ཤལ་རྗེས་ལུས་ཐེར་འདོན་གཏིང་ཟབ་བྱས་པ་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།