གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་01ཉིན། 13:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་2024ལོའི་ཞིང་ཆེན་ཁག་གི་སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་ཚང་མའི་ཚད་གཞི་ལོན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་སྦགས་བཙོག་འགོག་བཅོས་ཐད་བོད་ཀྱིས་གཙང་པོར་བཙོག་འབུད་མདོ་ཁ་ཚད་ལྡན་ཅན་གྱི་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་ཚོ་623ལ་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་ཆས་གསར་སྣོན་བྱས་པ་དང་། རྫོང་20ལ་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་གསར་སྣོན་བྱས་པའི་ཁར། ལྷ་ས་གྲོང་ཁྱེར་མེར་སྲེག་གློག་གཏོང་བཟོ་གྲྭ(དུས་ཐེངས་གཉིས་པ)དང་གཞིས་རྩེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་བླུགས་སའི་རྫབ་དོང་མཐུན་སྦྱོར་ཐག་གཅོད་རྣམ་གྲངས་ཚོད་ལྟ་བྱེད་འགོ་ཚུགས་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་བོད་རང་སྐྱོང་ལྗོངས་ཀྱིས་སྐྱིད་གྲོང་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྔོན་སྤེལ་ཁུལ་དུ་བརྟག་དཔྱད་བྱས་པ་མ་ཟད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། མངའ་རིས་བཅས་སུ་དམར་ཕྱིའི་པར་ཆས་130བཀོད་སྒྲིག་བྱས་ནས། རི་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། “རྒྱལ་ཁབ་ཀྱི་ས་ཚིགས་6+ལྟ་ཞིབ་ཚད་ལེན་མ་དཔེའི་གནས་661”གི་སྐྱེ་ཁམས་སྤུས་ཚད་ཀྱི་ས་ངོས་ལྟ་ཞིབ་ཚད་ལེན་ལས་སྟེགས་རགས་ཙམ་བཙུགས་ཡོད། ལོ་ཧྲིལ་པོར་སྐྱེ་ཁམས་ལས་གནས་ཁྲི་43.98བཀོད་སྒྲིག་བྱས་པ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་15ལྷག་ཙམ་བཏང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ཝང་ཞའོ་ཏུང་གིས། 2025ལོར། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད་དང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་གིས་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྤྱི་འདོམས། ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྤྱི་འདོམས། གཙོ་འགན་གཙོ་ལས་དང་། ནུས་པ་འཛུགས་སྐྱོང་། རྣམ་གྲངས་འཛུགས་སྐྲུན། དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་པོར་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། སྐྱེ་ཁམས་ཤེས་དཔལ་སྒྱུར་བཅོས། ལྗང་མདོག་འཕེལ་རྒྱས་ལ་ཞབས་འདེགས། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་། བཅོས་སྐྱོང་ནུས་པ་ལེགས་གཏོང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བཅས་བྱ་སྤྱོད་ཆེན་པོ་བདུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།