འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་1ཉིན།

༄༅།།གངས་ལྗོངས་ས་མཐོར་འཚོ་བ་གསར་པར་བསྟོད་གླུ་འབུལ།

—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་01ཉིན། 13:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བསུ་བ་ཞུ་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་འཁུར་བའི“ཡར་ལངས་ཞིང་བྲན་གྱིས་བསྟོད་གླུ་ལེན”ཞེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་རིག་རྩལ་འཁྲབ་སྟོན་ཟླ་3ཚེས་28ཉིན་གྱི་སྔ་དྲོར་ལྷ་ས་ཆུ་མིག་ལམ་འདམ་རའི་སྤྱི་གླིང་དུ་བྱས་ཤིང་། འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར།

    ས་མཐོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ནས་གང་སར་གསོན་ཤུགས་ཀྱིས་ཁེངས། ཟླ་3ཚེས་28ཉིན། བོད་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་གཅིག་ཏུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུས་ཤིང་། ཡངས་པའི་བོད་བྱང་ཐང་ནས“གངས་ལྗོངས་ཀྱི་སྔོ་ལྗང་ཁུལ”ཉིང་ཁྲིའི་བར་དང་། མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་ནས་ལྟེ་བའི་གྲོང་ཁྱེར་ལྷ་སའི་བར། གངས་ལྗོངས་ས་མཐོའི་གང་ས་གང་དུ་བཀྲ་ཤིས་པའི་རྣམ་པས་ཁེངས་ཡོད།

    སྔ་དྲོའི་ཆུ་ཚོད་10པར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་2000ལྷག་ཙམ་གྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ཤིང་། སྐད་གསང་མཐོན་པོས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ལེན་པ་དང་བསྟུན་ནས་སྐར་ལྔའི་དར་དམར་དལ་བུར་སྒྲེང་། དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོས་བརྩེ་སེམས་ཟབ་མོ་འཆང་བཞིན་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལ་ཕྱོགས་ནས་གུས་སྟབས་ཀྱིས་རྒྱལ་གླུ་བླངས་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་མི་ལུས་གསར་པ་ཐོབ་པའི་ཉིན་མོ་དེར་ཐུན་མོང་ཐོག་དྲན་གསོ་ཞུས་ཡོད།

     “བོད་རྙིང་པའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་ལུགས་ངའི་ཕ་མས་གསུངས་མྱོང”ཞེས་ལོ་74ལ་སླེབས་པའི་ལྷ་སའི་གྲོང་མི་སྒྲོལ་དཀར་གྱིས་བརྗོད། དགའ་འོས་པ་ཞིག་ནི་ཁོང་ལོ་8ལ་སོན་དུས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་པས་སྒྲོལ་དཀར་ཕ་མ་ལྟར་དཀའ་སྡུག་གི་འཚོ་བ་སྐྱེལ་དགོས་བྱུང་མེད།

   ཚེས་28ཉིན། ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ཡང་གྲོང་མི་དང་། སློབ་མ། ཡུལ་སྐོར་བ་བཅས་མང་པོ་ལྟ་སྐོར་དུ་སླེབས་ཡོད། དྲན་གསོ་ཁང་འདིའི་ནང་བོད་རྙིང་པའི་ཞིང་བྲན་གྱི་འཚོ་བ་མཚོན་པའི་པར་རིས་དང་བརྐོས་བརྙན་སོགས་འགྲེམས་སྟོན་བྱས་ནས། བོད་རྙིང་པའི་ཞིང་བྲན་གྱི་འཚོ་གནས་གནས་ཚུལ་ཡང་བསྐྱར་མངོན་པར་བྱས་ཡོད།

    ལྟེ་བའི་གྲོང་ཁྱེར་ལྷ་ས་ཕུད་གཞིས་རྩེ་དང་། ལྷོ་ཁ། ཆབ་མདོ་སོགས་ཀྱིས་ཀྱང་རྒྱལ་དར་སྒྲེང་བ་དང་། རིག་རྩལ་འཁྲབ་སྟོན། གླུ་གཞས་འགྲན་བསྡུར་སོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་ཞིང་། ལོ་83ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་བསོད་ནམས་རྡོ་རྗེས“གྲང་ངར་ཆེ་བའི་དགུན་དུས་འགྲིམ་མྱོང་མཁན་ཞིག་ཡིན་ན་ཉི་འོད་ཀྱི་དྲོ་སྐྱིད་དེ་བས་ཚོར་ཐུབ”ཅེས་བརྗོད།

    བསོད་ནམས་རྡོ་རྗེས་ལོ་བཅུ་ཙམ་ནས་བཟུང་གཞིས་ཀར་ལས་ཀ་བྱས་ཤིང་། ཞོགས་པ་ནམ་མ་ལངས་གོང་ལས་ཀར་བསྐྱོད་དགོས་པ་དང་མཚན་མོ་ཕྱི་པོ་མ་གཏོགས་ཁྱིམ་དུ་ལོག་རྒྱུ་མེད། དཔྱིད་འདེབས་དང་སྟོན་བསྡུ་སོགས་ནམ་དུས་གང་དུའང་ལས་ཀ་བྱེད་དགོས་ཀྱི་ཡོད། “ནས་ཞིང་ལ་ལོ་ལེགས་བྱུང་ཡང་རང་ཉིད་ལ་འབྲུ་རྡོག་གཅིག་ཀྱང་དབང་གི་མེད། སེམས་ནང་གི་སྡུག་བསྔལ་རང་གིས་མ་གཏོགས་ཤེས་མཁན་མེད”ཅེས་བསོད་ནམས་རྡོ་རྗེས་བརྗོད།

     ད་ཆ། ཏང་དང་སྲིད་གཞུང་གི་རོགས་རམ་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད། བསོད་ནམས་རྡོ་རྗེའི་ནང་མི་6སྨི་ངོས་གྲུ་500ལྷག་ཙམ་ཟིན་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་པར་སྡོད་རྒྱུ་བྱུང་བ་དང་། ལོ་རེའི་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་གྱི་ཡོད། “ད་ཆའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མ་རེད། ལོ་ན་ཆེ་བ་དང་རྐང་པ་བདེ་པོ་མེད་པ་མ་གཏོགས་ང་རང་ཡང་གཞོན་ནུ་ཚོ་དང་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ནས་རང་ཉིད་ལ་དབང་བའི་དུས་ཆེན་ལ་རྟེན་འབྲེལ་ཞུ་འདོད་འདུག”ཅེས་བསོད་ནམས་རྡོ་རྗེས་དགའ་ཚོར་ཆེན་པོས་བརྗོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་འབྱོར་བའི་གློག་འཕྲིན)