འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་30ཉིན།

༄༅།།ཞི་ཅིན་ཕིང་གིས་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་30ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་3ཚེས་28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སི་དང་མཇལ་འཛོམས་གནང་བ།

ཟླ་3ཚེས་28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སི་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་བྷང་ག་ལའི་མི་དམངས་དབར་གྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གནའ་བོའི་དར་གོས་ལམ་བུ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམ་པོར་སྦྲེལ་ཡོད། ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། མཉམ་ལས་གཉིས་ཁེ་བཅས་བྱས་ཡོད། ཀྲུང་གོས་བྷང་ག་ལར་འཛིན་པའི་ཁྱིམ་མཚེས་མཛའ་མཐུན་གྱི་སྲིད་ཇུས་དེ་ཚད་མཐོའི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་དང་། བྷང་ག་ལའི་མི་དམངས་ཡོངས་ལ་ཕྱོགས་པའི་ཁྱིམ་མཚེས་མཛའ་མཐུན་གྱི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར། བྷང་ག་ལ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད། འདི་ལོ་ནི་ཀྲུང་གོ་དང་བྷང་ག་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང་ཀྲུང་གོ་དང་བྷང་ག་ལའི་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་བྷང་ག་ལའི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་བྷང་ག་ལ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་གལ་ཆེན་གྱི་གནད་དོན་ལ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱས་ནས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་དེས་བྷང་ག་ལ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆུ་བེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གསར་འབྱེད་བྱས་ཏེ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་དང་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས། བྷང་ག་ལ་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་རང་སྟོབས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

ཡིའུ་ནུའུ་སི་ཡིས་གསུངས་དོན། བྷང་ག་ལ་དང་ཀྲུང་གོའི་དབར་མཛའ་གྲོགས་ཟབ་མོ་ལྡན་པ་དང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ནི་བྷང་ག་ལའི་བློས་འགེལ་ཆོག་པའི་རོགས་ཟླ་དང་གྲོགས་པོ་ཞིག་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་ཀྱི་ཡོད། བྷང་ག་ལ་ཕྱོགས་ཀྱིས་འདི་ལོ་བྷང་ག་ལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་བྷང་ག་ལར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་ཏེ། བྷང་ག་ལའི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བྷང་ག་ལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་སོགས་དགོངས་གཞི་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། ཐུན་མོང་ཐོག་གོ་སྐབས་ལ་སྟངས་འཛིན་བྱེད་པ། ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

ཝང་དབྱི་མཇལ་འཛོམས་ལ་ཞུགས་པ།