འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་29ཉིན།

༄༅།།ཟླ་བ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་མགྱོགས་པོ་འཕར་བ།

ཁེ་སྤོགས་ཆག་ཚད་ཆུང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་29ཉིན། 09:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་2.8%འཕར་བ་དང་འཕར་ཚད་2024ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་0.7མགྱོགས་སུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་0.3%ཆག་པ་དང་ཆག་ཚད་2024ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་3.0ཆུང་དུ་ཕྱིན་ཡོད་པ་རེད།

ལས་གཉེར་ཡོང་འབབ་ནས་ལས་གཉེར་མ་གནས་འཐེན་ཏེ་རྩིས་བརྒྱབ་པའི་གྲིབ་ལྡན་ཁེ་སྤོགས་ཀྱི་ཆ་ནས་བལྟས་ན། ཟླ་བ་དང་པོ་དང་གཉིས་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲིབ་ལྡན་ཁེ་སྤོགས་ནི་2024ལོའི་ལོ་ཧྲིལ་པོའི་དུས་མཚུངས་ལས་0.3%ཆག་པ་ནས་2.0%འཕར་བར་གྱུར་ཡོད།

“ཟླ་བ་དང་པོ་དང་གཉིས་པར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་མུ་མཐུད་ལེགས་སུ་ཕྱིན་པ་དང་ཁེ་སྤོགས་ཆག་ཚད་ཆུང་དུ་ཕྱིན་པ་མ་ཟད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་མ་བཅོས་རྒྱུ་ཆ་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ཆག་པ་ནས་འཕར་བར་གྱུར་པ་དང་། བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་གནས་སྟངས་བརྟན་པོའི་ངང་སླར་གསོ་ཡོང་བའི་རྣམ་པ་མངོན་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་བཟོ་ལས་སིའི་བསྡོམས་རྩིས་པ་ཡུས་ཝེ་ཉིང་གིས་བཤད།

གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བ་དང་པོ་གཉིས་པར། ཐོན་སྐྱེད་ཅུང་ལེགས་པའི་སྐུལ་ཁྲིད་ལ་བརྟེན་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་8.1%འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5.3མཐོ་བ་དང་། ཁེ་སྤོགས་ནི་2024ལོའི་ལོ་ཧྲིལ་པོའི་དུས་མཚུངས་ལས་0.2%ཆག་པ་ནས་5.4%འཕར་བར་བསྒྱུར་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་1.4འཕར་བར་སྐུལ་ཁྲིད་བྱས་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་སླར་གསོ་བྱེད་པར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་8ཀྱི་ནང་ནས་ལས་རིགས་6གི་ཁེ་སྤོགས་འཕར་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)