འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་29ཉིན།

༄༅།།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བའི་སྐབས་སུ་བྲིས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་29ཉིན། 09:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བའི་ལོ་ཡིན་ལ། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”བཙུགས་ནས་ལོ་16འཁོར་བའི་ལོ་ཡང་ཡིན། བོད་ཀྱི་སྤྱི་ཚོགས་ལམ་ལུགས་གོམ་ཞེང་གཅིག་གིས་ལོ་ངོ་སྟོང་ལས་བརྒལ་བའི་འཕོ་འགྱུར་རླབས་པོ་ཆེ་བྱུང་བར་དྲན་གསོ་ཞུ་བ་དང་། དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་དུ་བསྐྱོད་པའི་མཆོང་སྐྱོད་རླབས་པོ་ཆེ་དེར་ཕྱིར་མིག་བལྟས་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དད་སེམས་སྔར་བས་བརྟན་པོ་དང་སྙིང་སྟོབས་སྔར་བས་ཆེར་སྐྱེད་ངང་ཏང་གི་འགོ་ཁྲིད་འོག་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འབད་བརྩོན་ཆེན་པོས་གསར་གཏོད་བྱས་ཡོད།

ལོ་66གོང་གི་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་བཏོད་ཡོད། ལོ་66རིང་གངས་ལྗོངས་ས་མཐོར་མིའི་རིགས་འཕེལ་རྒྱས་ཡར་ཐོན་གྱི་བརྗིད་ཉམས་ལྡན་པའི་རྒྱལ་ཁའི་གླུ་དབྱངས་བླངས་པ་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། ལོ་ངོ་སྟོང་རིང་གི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་ནས་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་8568ནས་2024ལོའི་སྒོར་31358བར་མཐོ་རུ་ཕྱིན་པ་དང་། དེ་ནས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཐོག་བསྐྲུན་ནས་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ཀྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པའི་བར་སོགས་ད་ཆ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེར་བརྗིད་ཉམས་ལྡན་པའི་ངང་འགྱིང་ངེར་གནས་ཤིང་། གངས་ལྗོངས་ས་མཐོར་སྔར་བྱུང་མྱོང་མེད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་བཏོད་ཡོད།

བོད་ཀྱི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལས་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དངོས་ཡོད་ཀྱི་ཕན་བདེ་བསྐྲུན་པའི་བྱ་སྤྱོད་རླབས་པོ་ཆེ་ཞིག་ཡིན་པ་རྩོད་ཐབས་མེད་པའི་སྒོ་ནས་ར་སྤྲོད་བྱུང་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཡང་ཐོབ་མི་སྲིད། ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁ་ཕུ་ཐག་གཅོད་པ་དང་རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་པར་ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་བོད་དུ་རྩ་བ་ཚུགས་པ་དང་འབྲས་བུ་ཐོན་པའི་འགན་ལེན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་དེ་བས་ཆེ་བ་མངོན་པར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་བསྙོན་མེད་དོན་དམ་ཞིག་ཡིན་ལ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་ལྡོག་མེད་བླང་བྱའང་ཡིན། ན་ནིང་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.3%འཕར་བ་དང་དམིགས་ཚད་ཁག་9ཡི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ནུས་རྒྱུ་གཙང་མ་ཚུད་པའི་ཐོན་ལས་ཆེན་པོ་དགུ་རྒྱུན་ཆད་མེད་པར་སྤུས་འབྲས་ལེགས་གཉེར་བྱུང་ནས་བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཆེན་པོ་གང་ལེགས་མངོན་ཡོད། མིག་སྔར། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལོ་རྒྱུས་ཀྱི་གོ་སྐབས་བཟང་ཤོས་སུ་གནས་པ་དང་། བོད་ཀྱི་བདེ་འཇགས་སྲུང་བཅད་ཀྱི་ནུས་པ་དང་། ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ། འཐབ་ཇུས་བགྲོད་ལམ་གྱི་གནས་བབ་བཅས་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་སྟངས་འཛིན་ནན་པོ་བྱས་ནས། དགེ་སྤེལ་སྐྱོན་སྤངས་དང་ཡུལ་བབ་དང་བསྟུན་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

བགྲང་བྱ་དྲུག་ཅུ་རེ་དྲུག་རིང་མི་ཡུལ་གྱི་རྣམ་པ་གསར་རྐྱང་དུ་འགྱུར་ནས། རྒྱང་ལམ་གསར་པས་མི་ཚོའི་ཧུར་སེམས་ལ་སྐུལ་ལྕག་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཡིད་ཆེས་བརྟན་པོ་དང་། དངོས་འཛིན་དངོས་སྒྲུབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལེའུ་མུ་མཐུད་བརྩམས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་གི་རྒྱུགས་ལན་ཐུན་མོང་ཐོག་འབུལ་དགོས།

བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ངེས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་རེད།

(བསོད་བདེ་ཆེ་བ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)