གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་27ཉིན། 14:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཀྲེ་ཅང་ཉིང་པོའོ་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྲིད་ཇུས་གསར་པ་བཏོན་ཏེ། དངུལ་བཅོལ་མཁན་ལ་འགྱུར་མེད་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱེད་པ་དང་། ཁང་པ་ཉོ་བྱེད་དངུལ་སྤྲོད་ཐོག་མའི་དཀའ་ངལ་ཆུང་དུ་གཏོང་ཆེད། དངུལ་བཅོལ་མཁན་ཆ་རྐྱེན་དང་མཐུན་རིགས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དུ་བཅུག་ནས་ལག་བརྒྱུད་ཁང་རིན་ཐོག་མ་སྤྲོད་དུ་བཅུག་ཆོག་པར་བྱེད་པའི་སྲིད་ཇུས་འདི་ཟླ་3ཚེས་28ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
སྲིད་ཇུས་ནང་གཏན་འབེབས་བྱས་དོན། ཀྲེ་ཅང་ཉིང་པོའོ་རུ་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་སྤྲོད་བྱེད་པ་མ་ཟད། གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་དུ་ལག་བརྒྱུད་ཁང་པའང་ཉོས་ཆོག་པ་དང་། ཉར་ཚགས་ཁང་པ་ཉོ་འཚོང་གི་གན་རྒྱ་དྲ་ཐོག་ནས་མིང་རྟགས་བཀོད་ཟིན་པའི་ཁང་པ་ཉོ་མཁན་དང་དེའི་བཟའ་ཟླ་དང་། ཕ་མ་བུ་ཕྲུག་བཅས་ཀྱིས་ཁང་པ་ཉོ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་རྩིས་ཁྲའི་ནང་གི་ལྷག་མ་བླངས་ནས་ཁང་པ་ཉོ་བྱེད་ཀྱི་འཇལ་དངུལ་ཐོག་མར་བྱེད་རེ་ཞུས་ཆོག ཁང་པ་ཉོ་མཁན་གྱིས་སྡོད་ཁང་གི་སྤྱི་གསོག་མ་དདུལ་འཇལ་སྤྲོད་བྱེད་པ་མ་ཟད། རང་ཉིད་དང་བཟའ་ཟླའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་རྗེས། སྔར་བཞིན་འཇལ་དངུལ་ཐོག་མ་མི་འདང་ཚེ། ཕ་མ་དང་བུ་ཕྲུག་གི་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ཆོག
ཀྲེ་ཅང་ཉིང་པོའོ་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཁོངས་སྤྱི་གསོག་མ་དངུལ་དོ་དམ་པུའི་པུའུ་ཀྲང་གཞོན་པ་ཀྲེང་ཧྥུང་གིས། དངུལ་འཇལ་སྤྲོད་ཐོག་མའི་འགྲོ་ལུགས་འགྲིམ་སྐབས། རེ་འདུན་ཞུ་མཁན་དང་ཁང་པ་འཚོང་མཁན་གཉིས་ཀ་ངེས་པར་དུ་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཁང་དུ་ཡོང་དགོས་པ་དང་། བཟའ་ཟླ་དང་ཕ་མ་བུ་ཕྲུག་ཚོའང་སྤྱི་ཚོགས་མ་དངུལ་ལེན་རེ་ཞུ་དགོས་ཚེ། ཚང་མ་འཇལ་སྤྲོད་ཁང་ཏུ་ཡོང་དགོས་པ་ཚབ་གཉེར་བྱས་མི་ཆོག
འཇལ་དངུལ་ལེན་པའི་གྲངས་འབོར་ཐད། རེ་འདུན་ཞུ་མཁན་གྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་གྲངས་བསྡོམས་འབོར་ནི་ལག་བརྒྱུད་ཁང་པའི་འཇལ་དངུལ་ཐོག་མའི་དངུལ་གྲངས་ལས་བརྒལ་མི་ཆོག་པ་མ་ཟད། རེ་འདུན་ཞུ་སྐབས་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲའི་ལྷག་གྲངས་ཚད་བཀག་ཡིན་པ་ལྟར་སྒོར་བརྒྱ་ལྟར་ཧྲིལ་གྲངས་ལེན་དགོས།