གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་27ཉིན། 14:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཀྲུང་གོའི་སྤྱི་དམངས་མང་པོ་ཞིག་ལའོ་སན་ཅི་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་ཁོངས་སུ་འཛུལ་རྒྱུའི་རེ་ཞུ་བྱེད་སྐབས། ཨ་རིར་ཡོང་བའི་དམིགས་ཡུལ་དང་ཐོངས་མཆན་བཀོད་པའི་ལག་ཁྱེར་གྱི་རིགས་དང་མི་མཐུན་པ་དང་། བླང་བྱ་ལྟར་EVUSཐོ་འགོད་གསར་སྒྱུར་མ་བྱས་པ་སོགས་ཀྱི་རྐྱེན་པས་རྒྱལ་ཁོངས་སུ་འཛུལ་ཐབས་བྲལ་ནས། རང་ཉིད་ལ་དཀའ་ཁག་བཟོས་པ་རེད།
ལུའོ་སན་ཅི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ཨ་རིའི་ལྷོ་ནུབ་མཐའ་མཚམས་འགག་སྒོ་ནས་རྒྱལ་ཁོངས་སུ་འཛུལ་རྩིས་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་གཤམ་གསལ་གྱི་དོན་དག་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་སླར་ཡང་བྱས་པ་སྟེ།
གཅིག ཨ་རིར་ཡོང་བའི་དམིགས་ཡུལ་དང་ཐོངས་མཆན་གྱི་རིགས་གཅིག་མཐུན་ཡིན་པ་འགན་ལེན་བྱ་དགོས། གོ་ཆོད་དུས་ཡུན་རིང་ཤོས་ལོ་བཅུ་ཡིན་པའི་B1/B2ཏེ། B1དང་ཡང་ན་B2ཀྱི་ཐོངས་མཆན་ནི་ཨ་རིར་ཡོང་བའི་དུས་ཐུང་ཡུལ་སྐོར་དང་། ཚོང་དོན། གཉེན་ཉེར་ཐུག་འཕྲད་སོགས་ཁོ་ནར་སྤྱད་འཐུས། ཨ་རིར་ལས་ཀ་བྱེད་པར་འགྲོ་དགོས་ན་ལས་ཀའི་ཐོངས་མཆན་ཞུ་དགོས།
གཉིས། གྲ་སྒྲིག་ལས་དོན་སྔོན་ལ་ལེགས་པར་བསྒྲུབ་དགོས། ཀྲུང་གོའི་ལམ་ཡིག་གི་གོ་ཆོད་དུས་ཡུན་ཟླ་བ་དྲུག་ལྷག་ཡོད་པ་མ་ཟད། ཐོངས་མཆན་ཁྲིམས་མཐུན་དང་ནུས་ལྡན་ཡིན་པ་འགན་ལེན་བྱ་དགོས། གོ་ཆོད་དུས་ཡུན་རིང་ཤོས་ལོ་བཅུ་ཡིན་པའི་B1/B2ཏེ། B1དང་ཡང་ན་B2ཀྱི་ཐོངས་མཆན་ཡོད་མཁན་གནམ་གྲུར་མ་བསྡད་གོང་ཉུང་མཐར་ཡང་ཆུ་ཚོད་72ནང་བླང་བྱ་ལྟར་EVUSཆ་འཕྲིན་ཐོ་འགོད་དང་གསར་སྒྱུར་བྱེད་དགོས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ཐོབ་ཐང་དང་གནས་ཚུལ་གྱི་ར་སྤྲོད་I-20 SEVISཁྲིམས་མཐུན་དང་ནུས་ལྡན་ཡིན་པ་དང་། I-20རེའུ་མིག་གི་ཤོག་ངོས་གཉིས་པའི་ཡུལ་སྐོར་དབང་ཆ་སྤྲོད་པའི་ལེ་ཚན་ལ་སློབ་གྲྭའི་དཔོན་རིགས་ཀྱིས་མིང་རྟགས་བཀོད་ནས་གཏན་འཁེལ་བྱ་དགོས།
གསུམ། ཨ་རིའི་ཁྲིམས་འཛིན་མི་སྣས་རྒྱལ་ཁོངས་སུ་ཡོང་བའི་ཞིབ་བཤེར་ལ་ཁ་གཏད་འོས་འཚམ་འཇལ་དགོས། གལ་ཏེ་ཨ་རིའི་འགག་སྒོའི་མཐའ་མཚམས་ཁྲིམས་འཛིན་མི་སྣས་ཨ་རིར་ཡོང་བའི་དམིགས་ཡུལ་དང་མི་སྒེར་གྱི་ལོ་རྒྱུས་སོགས་ལ་འདྲི་རྩད་བྱས་ཚེ། དོན་དངོས་དང་མཐུན་པའི་སྒོ་ནས་ལན་འདེབས་རོགས། གལ་ཏེ་ཕ་རོལ་གྱི་དྲི་བ་ཧ་མ་གོ་ན། གང་འདོད་དུ་ལན་འདེབས་མི་རུང་ལ། ལོ་ཙཱ་དགོས་པའི་རེ་བ་བཏོན་ཆོག གལ་ཏེ་རྒྱལ་ཁོངས་སུ་འཛུལ་རྒྱུར་བཀག་འགོག་བྱུང་ཚེ་ཨ་རིའི་ཁྲིམས་འཛིན་མི་སྣ་དང་གྲོས་མོལ་བྱས་ནས་རྒྱལ་ཁོངས་སུ་འཛུལ་མཚམས་འཇོག་རྒྱུའི་རེ་ཞུ་བྱས་ཆོག གལ་ཏེ་ཆོག་མཆན་ཐོབ་ཚེ་རྒྱལ་ཁོངས་སུ་འཛུལ་རྒྱུ་དང་ལེན་མི་བྱེད་པ་དང་ཕྱིར་བསྐྱལ་བའི་ཟིན་ཐོ་མི་འགོད་པར་བྱེད་ཐུབ། གལ་ཏེ་འདྲི་རྩད་ཟིན་ཐོ་སོགས་ཀྱི་ཡིག་ཆར་མིང་རྟགས་འགོད་དགོས་པའི་རེ་བ་བཏོན་ཚེ། ཞིབ་ཏུ་ཀློག་ནས་ནང་དོན་ལ་ནོར་འཁྲུལ་མེད་པ་གཏན་འཁེལ་བྱེད་དགོས། གལ་ཏེ་དོགས་གཞི་ཡོད་ན་ཡུལ་དངོས་སུ་འདྲི་རྩད་བྱེད་དགོས།
གལ་ཏེ་ཨ་རི་ཕྱོགས་ཀྱིས་ཕྱིར་སྐྱེལ་རྒྱུ་ཐག་བཅད་ཚེ། ཀྲུང་གོར་གང་མགྱོགས་སུ་ཕྱིར་ལོག་འདོད་པར་གསལ་པོར་བཤད་ན། ཁྱིམ་མིའམ་སྤྱི་ཁྱབ་གཞུང་ཚབ་ཁང་དང་འབྲེལ་བ་བྱེད་དགོས་པའི་རེ་བ་བཏོན་ཆོག་པ་དང་། དགོས་ངེས་ཀྱི་སྐབས་སུ་ཁྱིམ་མིས་ཁྲིམས་རྩོད་པར་མངགས་བཅོལ་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར་(ཆུ་ཚོད་24)+86-10-12308ཡང་ན་+86-10-65612308
ལུའོ་སན་ཅི་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར་+1-213-8078052
གློག་རྡུལ་ཡིག་སྒམ་།LA_LB@csm.mfa.gov.cn