འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་26ཉིན།

༄༅།།ཁ་པར་གྱི་བྱེད་ནུས་འདི་ལ་གཟོབ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་26ཉིན། 15:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ལ་འཛད་སྤྱོད་པར་“གསང་གྲངས་མེད་པར་དངུལ་གཏོང་སྤྲོད་”ནུས་པའི་དབང་གིས་རྩིས་ཁྲའི་མ་དངུལ་རྐུ་འཕྲོག་བྱུང་བའི་ཞུ་གཏུག་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཡོད། འཛད་སྤྱོད་པའི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཆེ་རུ་གཏོང་ཆེད། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པར་ལག་ཐོགས་ཁ་པར་གྱི“གསང་གྲངས་མེད་པར་དངུལ་གཏོང་སྤྲོད་”ནུས་པ་སྤྱོད་པར་གཟབ་གཟབ་བྱས་ཏེ། རྩིས་ཁྲའི་དབང་ཚད་སྒོ་འབྱེད་ཐལ་དྲགས་པའི་དབང་གིས་མ་དངུལ་གྱོང་གུན་ཐེབས་པ་སྔོན་འགོག་བྱེད་པའི་དྲན་སྐུལ་བྱས་པ་རེད།

གཅིག “གསང་གྲངས་མེད་པར་དངུལ་གཏོང་སྤྲོད་”ཅིའི་ཕྱིར་རྐུ་འཕྲོག་གི་སྐྱོན་ཆ་འབྱུང་སླ་ཞེ་ན།

    “གསང་གྲངས་མེད་པར་དངུལ་གཏོང་སྤྲོད”(“གསང་གྲངས་གཏན་འཁེལ་བྱེད་མི་དགོས་པར་དངུལ་གཏོང་སྤྲོད་”)ནི་གཏོང་སྤྲོད་ལས་སྟེགས་ཁག་གཅིག་གམ་ཡང་ན་གཏོང་སྤྲོད་སྟབས་ཇེ་བདེ་རུ་གཏོང་ཆེད་བཏོན་པའི་ནུས་པ་ཞིག་རེད། སྤྱོད་མཁན་གྱིས་བྱེད་ནུས་དེ་སྒོ་ཕྱེ་རྗེས། ཉོ་ཚོང་རྐྱང་མའི་དངུལ་གྲངས་དེ་བཅད་གྲངས་དེའི་ནང་ཐད་ཀར་འཐེན་ཆོག འོན་ཀྱང་། ནུས་པ་དེ་གལ་ཏེ་ཁྲིམས་འགལ་པས་བེད་སྤྱོད་བྱས་ཚེ་བདེ་འཇགས་ལ་མངོན་མེད་ཉེན་ཁ་ཚབས་ཆེན་བཟོ་སྲིད།

     གཅིག་ནི་ལག་ཐོགས་ཁ་པར་བོར་བརླག་གམ་རྩིས་ཐོ(ཀུ་ཤུ་ཁ་པར་སྤྱོད་མཁན་)ཕྱིར་གྱར་སྐབས་ཉེན་ཁ་ཇེ་ཆེར་འགྲོ་བ་རེད། གལ་ཏེ་མི་གཞན་གྱིས་ཁྱེད་ཀྱི་རྩིས་ཐོའམ་ཡང་ན་སྒྲིག་ཆས་རག་ཚེ། “གསང་གྲངས་མེད་པར་དངུལ་གཏོང་སྤྲོད”བརྒྱུད་ཐད་ཀར་འཛད་སྤྱོད་བྱེད་པའམ་ཡང་ན་རྟོག་བཟོའི་ཞབས་ཞུ་ཉོ་ཆོག་པ་མ་ཟད། ར་སྤྲོད་ཐེངས་གཉིས་བྱེད་མི་དགོས་པ་རེད།

    གཉིས་ནི་འབོར་ཆུང་གསང་གྲངས་མེད་པ་བསགས་ནས་གྱོང་གུན་ཆེན་པོ་བཟོ་བ། ལས་སྟེགས་ཁག་གཅིག་གི་གསང་གྲངས་མེད་པའི་གྲངས་བཅད་དེ་ཉོ་ཚོང་རྐྱང་པའི་གོང་མཚམས་ཤིག་(དཔེར་ན་སྒོར་1000མན་ལྟ་བུ)གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་། དུས་ཡུན་ཐུང་ངུའི་ནང་ཐེངས་མང་པོར་འབོར་ཆུང་གཏོང་སྤྲོད་བྱས་པ་ཡིས་དཔལ་འབྱོར་གྱི་གྱོང་གུན་ཅུང་ཆེན་པོ་བཟོ་སྲིད།

    གསུམ་ནི་ཡིབ་པའི་རང་བཞིན་ཆེ་བས་དུས་ཐོག་ཏུ་ཤེས་དཀའ། གཏོང་སྤྲོད་རྐུ་འཕྲོག་གི་ཉོ་ཚོང་ནི་རྒྱུན་དུ་གཏོང་སྤྲོད་སྟེགས་བུའི་རྟོག་བཟོའི་ཞབས་ཞུ(དཔེར་ན་རོལ་རྩེད་དང་Appམངག་ཉོ)བརྒྱུད་ལེགས་གྲུབ་བྱེད་པའམ། ཡང་ན་འཕྲུལ་ཆས་བདག་པོ་ཐོ་རེངས་གཉིད་དུ་ཡུར་བའི་དུས་སུ་ལེགས་གྲུབ་བྱེད་ཀྱི་ཡོད་པས། འཛད་སྤྱོད་པས་ཚོར་སྐབས་རྟག་ཏུ་དངུལ་མང་པོ་འཐེན་ཚར་ཡོད་པ་རེད།

གཉིས། གཏོང་སྤྲོད་ཉེན་ཁ་ལ་རང་འགུལ་གྱི་སྔོན་འགོག་བྱེད་ཐབས་གང་དག་ཡོད།

    གཏོང་སྤྲོད་རྐུ་འཕྲོག་འབྱུང་བའི་ཉེན་ཁ་ཆུང་དུ་གཏོང་ཆེད། འཛད་སྤྱོད་པར་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་པའི་གྲོས་འགོ་བཏོན་པ་སྟེ།

(གཅིག)དགོས་ངེས་མིན་ཚེ་“གསང་གྲངས་མེད་པར་དངུལ་གཏོང་སྤྲོད་”ཀྱི་བྱེད་ནུས་སྒོ་མི་ཕྱེ་བ།

   སྔོན་ལ་གསང་གྲངས་མེད་པར་དངུལ་གཏོང་སྤྲོད་ཀྱི་ནུས་པ་སྒོ་རྒྱག་དགོས་པ་དང་། དངུལ་སྤྲོད་འབོ་དང་། སྐད་འཕྲིན། དངུལ་བྱང་བཅས་སྦྲེལ་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། གསང་གྲངས་མེད་པར་དངུལ་གཏོང་སྤྲོད་ཀྱི་དབང་ཚད་ཀྱང་སྒོ་རྒྱག་དགོས། གལ་ཏེ་གསང་གྲངས་མེད་པར་དངུལ་གཏོང་སྤྲོད་ཞབས་ཞུ་ཁག་གཅིག་སོར་འཇོག་དགོས་ན། གང་དེ་གཅིག་པུ་སྒྲིག་འགོད་བྱ་རྒྱུ། གཞན་ཡང་། དུས་བཀག་ལྟར་དབང་ཆ་སྤྲད་པའི་བཀོལ་སྤྱོད་ལ་ཞིབ་བཤེར་བྱས་ཏེ། རྒྱུན་དུ་མི་སྤྱོད་པའམ་ཡིད་ཆེས་མི་བྱེད་པའི་ཕྱོགས་གསུམ་པའི་བཀོལ་སྤྱོད་ཀྱི་གཏོང་སྤྲོད་དབང་ཆ་མེད་པར་བཟོ་དགོས།

    (གཉིས།) རྩིས་ཁྲའི་བདེ་འཇགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

    གཅིག་ནི་གསང་གྲངས་རྙོག་འཛིང་ཅན་བཀོད་སྒྲིག་བྱེད་པ་དང་འབྲེལ་བརྗེ་རྒྱུར་དོ་སྣང་བྱེད་དགོས། སྐྱེས་སྐར་དང་རྒྱུན་མཐུད་ཨང་ཀི་སོགས་སྟབས་བདེའི་གསང་གྲངས་མི་སྤྱོད་པ་མ་ཟད། ཁས་ལེན་དཔང་འདོན་གྱི་བྱེད་ནུས་བརྩེགས་མའི་སྒོ་ཕྱེ་ནས་རྩིས་ཐོ་བསམ་ངན་གྱིས་ཐོ་འགོད་བྱེད་པར་སྔོན་འགོག་བྱེད་དགོས།

     གཉིས་ནི་དགོས་ངེས་མེད་པའི་གཏོང་སྤྲོད་དབང་ཚད་སྒོ་རྒྱག་རྒྱུ་དང་། ལྷག་པར་དུ་ཀུ་ཤུའི་ཁ་པར་སྤྱོད་མཁན་གྱིས་རྩིས་ཁྲར་བརྟེན་ནས་ཉོ་མི་དགོས་ཚེ་འབྲེལ་ཡོད་ནུས་པའི་སྒོ་གཏན་རྒྱག་བྱས་ཆོག

    གསུམ་ནི་སྤྱི་པའི་Wi-Fiབེད་སྤྱོད་བྱེད་དུས་གཟབ་གཟབ་བྱེད་དགོས། སྤྱི་པའི་དྲ་རྒྱའི་ཁོར་ཡུག་འོག་གཏོང་སྤྲོད་བཀོལ་སྤྱོད་མི་བྱེད་པ་དང་། དྲ་རྒྱའི་ཉ་འཛིན་ནམ་གཞི་གྲངས་བཅད་ལེན་བྱེད་པར་སྔོན་འགོག་བྱེད་དགོས།

(གསུམ།)དུས་བཀག་ལྟར་རྩིས་སྡུར་གྱི་གོམས་གཤིས་ཆགས་སུ་འཇུག་དགོས།

    རྩིས་ཐོའི་བརྡ་ཐོ་ལ་དུས་ཐོག་ཏུ་བལྟ་དགོས་པ་དང་། དངུལ་སྤྲོད་འབོ་དང་། སྐད་འཕྲིན། དངུལ་ཁང་གིས་བསྐུར་བའི་དངུལ་འཐེན་འཕྲིན་ཐུང་ལ་དོ་ཁུར་བྱས་ཏེ། གང་ཡིན་མི་ཤེས་པའི་འཛད་སྤྱོད་བྱུང་ཚེ་འཕྲལ་མར་ཞིབ་བཤེར་བྱེད་དགོས། དུས་བཀག་ཐོག་མངག་ཉོ་ཞབས་ཞུར་ཞིབ་བཤེར་བྱས་ནས་དགོས་མཁོ་མེད་པའི་རང་འགུལ་ངང་མུ་མཐུད་གྲོན་དངུལ་བསྡུ་བའི་རྣམ་གྲངས་མེད་པ་བཟོ་དགོས།

གསུམ། གཏོང་སྤྲོད་རྐུ་འཕྲོག་བྱུང་ཚེ་གང་ལྟར་ཁ་གཏད་འཇལ་དགོས་སམ།

    གལ་ཏེ་རྩིས་ཁྲར་རྒྱུན་ལྡན་མིན་པའི་ཉོ་ཚོང་ཡོད་པ་ཤེས་རྟོགས་བྱུང་ཚེ། ཐོག་མར་གཏོང་སྤྲོད་ཐབས་ལམ་འཕྲལ་མར་བསྡམས་བཅད་བྱས་ཏེ། དངུལ་ཁང་གི་མགྲོན་ཞབས་དང་། དངུལ་སྤྲོད་འབོ། ཡང་ན་སྐད་འཕྲིན་སྟེགས་བུ་བརྒྱུད་དེ་འབྲེལ་ཡོད་རྩིས་ཁྲ་འཕྲལ་དུ་བསྡམས་བཅད་བྱས་ནས་རྗེས་མཐུད་ཀྱི་དངུལ་འཐེན་རྒྱུ་བཀག་འགོག་བྱེད་དགོས། གཉིས་ནས་དཔང་རྟགས་ཉར་ཚགས་བྱེད་པ་དང་འབྲེལ་ཞུ་གཏུག་བྱེད་པ་སྟེ། རྐུ་འཕྲོག་ཟིན་ཐོ་དང་ཉོ་ཚོང་དུས་ཚོད་སོགས་ཆ་འཕྲིན་ཉར་ཚགས་བྱས་ནས་གཏོང་སྤྲོད་ལས་སྟེགས་ལ་ཞུ་གཏུག་བྱེད་དགོས། གལ་ཏེ་གྱོང་གུན་གྱི་དངུལ་གྲངས་ཅུང་ཆེ་ན། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་དཔང་རྟགས་དང་རྒྱུ་ཆ་མཁོ་འདོན་བྱེད་པར་གཞོགས་འདེགས་བྱེད་དགོས།

    ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་སྒུལ་བདེའི་གཏོང་སྤྲོད་སྟབས་བདེ་རང་བཞིན་གྱི་དོད་དུ་གང་དེའི་བདེ་འཇགས་རང་བཞིན་བློས་གཏོང་མི་རུང་ཞེས་ནན་ཏན་གྱིས་དྲན་སྐུལ་བྱས་པ་རེད།

    ངེས་པར་དུ་དོགས་ཟོན་ཆེན་པོ་བྱས་ནས་རང་འགུལ་ངང་གཏོང་སྤྲོད་ཀྱི་དབང་ཚད་ལ་དོ་དམ་བྱེད་དགོས་པ་ལས། སྟབས་བདེ་ཡོང་ཆེད་མི་མངོན་པའི་ཉེན་ཁ་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། གལ་ཏེ་འཛད་སྤྱོད་ཀྱི་རྩོད་གཞི་དང་འཕྲད་ཚེ་ཐད་སྦྲེལ་ཁ་པར་དུ་ཁ་པར་གཏོང་བའམ་ཡང་ན་“རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་བློ་གྲོས་315”ལས་སྟེགས་བརྒྱུད་ཁེ་དབང་སྲུང་སྐྱོང་བྱས་ཆོག