འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་26ཉིན།

༄༅།།ཨ་རིས་ལག་ཐོགས་ཁ་པར་སྤྱོད་མཁན་ལ་དབྱེར་མེད་ཕར་རྒོལ་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་26ཉིན། 15:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་3ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

   དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་25ཉིན་ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཐོན་ལས་མནའ་འབྲེལ་གྱིས་《ཨ་རིའི་གསང་འཕྲིན་སྒྲིག་གཞིས་གོ་ལ་ཧྲིལ་པོའི་སྒུལ་བདེའི་རིག་ནུས་མཐའ་སྣེར་དམིགས་ནས་གསང་དོན་ལྐོག་ཉན་དང་རྐུ་འཕྲོག་བྱེད་སྒོ་སྤེལ་རྒྱུ་》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། ཨ་རིས་གོ་ལ་ཧྲིལ་པོའི་སྒུལ་བདེའི་རིག་ནུས་མཐའ་སྣེ་དང་། སྒུལ་བདེའི་ཐོན་སྐྱེད་མཁོ་སྤྲོད་སྦྲེལ་ཐག གཉེར་སྐྱོང་ཚོང་པ་སོགས་ལ་དམིགས་ནས་དྲ་རྒྱའི་ཕར་རྒོལ་དང་གསང་དོན་ལྐོག་ཉན་དང་རྐུ་འཕྲོག་གི་བྱེད་སྒོ་སྤེལ་བ་ཁྱབ་བསྒྲགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཟེར།

    ལན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་སྙན་ཞུར་དོ་སྣང་བྱུང་ཡོད། སྙན་ཞུ་དེར་གཞིགས་ན། ཨ་རིའི་སྲིད་གཞུང་གིས་ཆ་འཕྲིན་ལག་རྩལ་དང་ཐོན་སྐྱེད་མཁོ་སྤྲོད་སྦྲེལ་ཐག་གི་སྟོད་རྒྱུད་དུ་སྒེར་སྡེམ་གྱི་དགེ་མཚན་ལྡན་པའི་གནས་བབ་གང་བྱུང་དུ་སྤྱད་དེ། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ལག་ཐོགས་ཁ་པར་དང་ཐ་ན་སྒུལ་བདེའི་ཐོན་ལས་ཀྱི་སྣོད་བཅུད་མ་ལག་ཧྲིལ་པོར་དམིགས་ནས་གཞི་ཁྱོན་ཆེ་ཞིང་དུས་ཡུན་རིང་པོར་བསམ་ངན་གྱི་དྲ་བའི་བྱེད་སྒོ་སྤེལ་བ་དེ་ནི་གང་སར་ཁྱབ་པ་དང་གང་སར་གནས་པ་ཞིག་རེད་ཅེས་བརྗོད་ཆོག

   དོ་སྣང་དགོས་པ་ཞིག་ནི་སྙན་ཞུའི་ནང་ཨ་རི་ནི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་དང་སྒུལ་བདེའི་གཉེར་སྐྱོང་ཚོང་པ་བརྒྱུད་དྲ་རྒྱའི་ཕར་རྒོལ་བྱེད་མཁན་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་ཐེར་འདོན་བྱས་ཡོད་པ་རེད། ལོ་མང་རིང་། ཨ་རི་ཕྱོགས་ཀྱིས་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་གནད་དོན་ཐོག་“རྐུན་མས་རྐུན་མ་འཛིན་དགོས་”ཟེར་བར་གོམས་པ་དང་ཚད་གཞི་གཉིས་ལ་བརྟེན་ནས། “5Gམཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་གནད་དོན་”ཞེས་པ་འུད་སྒྲོག་གང་ཐུབ་བྱེད་པ་དང་ཆབས་ཅིག་རང་ཉིད་རྒྱལ་ཁབ་ཀྱི་དྲ་སྦྲེལ་ཁེ་ལས་ཆེ་གྲས་སམ་སྒྲིག་ཆས་མཁོ་འདོན་ཚོང་པའི་གཞོགས་འདེགས་འོག གོ་ལ་ཧྲིལ་པོའི་ཆ་འཕྲིན་སྒྲིག་ཆས་ཐོན་རྫས་ཁྲོད་རྒྱབ་སྒོ་འབྱེད་པའི་གྲ་སྒྲིག་བྱས་ནས་རང་ཉིད་ཀྱི་དྲ་རྒྱའི་ཕར་རྒོལ་བྱ་སྤྱོད་ལ་ཞབས་འདེགས་ཞུ་བཞིན་ཡོད། སྙན་ཞུ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རིའི་ངོ་གདོང་ངོ་མ་ངོས་འཛིན་བྱེད་པར་ཕན་ཐོགས་ཡོད་པར་ཡིད་ཆེས་ཡོད།

    སྙན་ཞུའི་ནང་གསལ་སྟོན་བྱས་པའི་ཨ་རི་ཕྱོགས་ཀྱི་བསམ་ངན་གྱི་དྲ་རྒྱའི་བྱེད་སྒོར་ང་ཚོས་དོ་ཁུར་ཆེན་པོ་བྱེད་པ་དང་ཨ་རི་ཕྱོགས་ཀྱིས་འཕྲལ་མར་འབྲེལ་ཡོད་བྱ་སྤྱོད་མཚམས་འཇོག་བྱེད་པ་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འབྲེལ་ཐག་སྤྱད་དེ་བསམ་ངན་གྱི་དྲ་རྒྱའི་བྱེད་སྒོ་སྤེལ་མཚམས་བཞག་ནས། འགན་འཁྲི་འཁུར་བའི་རྣམ་འགྱུར་ཐོག་ནས་འཛམ་གླིང་ཡོངས་ལ་གསལ་བཤད་ཅིག་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།