གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་26ཉིན། 10:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཝང་ཀྲོའུ། ཧྲེན་མོང་ཀྲེ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་འདིར་རྒྱུས་ལོན་བྱེད་པའི“ལྡེ་མིག”ལྟ་བུ་ཞིག་ཡིན་པ་སྨོས་མེད་རེད།
“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་ལ་འབེབས་པ་དང་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རེའི་ཏང་གི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་རྒྱུན་དུ་ནས་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ལོ་བཅུས་མ་འདང་ན་ལོ་ཉི་ཤུ་དང་། ལོ་ཉི་ཤུས་མ་འདང་ན་ལོ་སུམ་ཅུ་འབད་བརྩོན་བྱས་ཏེ་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གོམས་སྲོལ་ངོ་མར་འགྱུར་བ་བྱེད་པ་དང་ཏང་སྲོལ་བཟང་པོས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས”ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་ཐོག་ནས“ཏང་ཆེན་པོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད”མཚོན་པ་མ་ཟད། “སྤྱོད་ཚུལ་འཛུགས་སྐྱོང་མཚམས་མེད་རྒྱུན་སྒྲུབ་བྱེད་པ”གསོན་ཉམས་དོད་པོས་ཡོངས་བསྒྲགས་བྱས་པ་ཞིག་དེ་བས་ཀྱང་ཡིན།
ཟླ་འདིར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མཇུག་འགྲིལ་མ་ཐག ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《བརྡ་ཐོ》བཀྲམ་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་དང་ཡུན་ནན་དུ་རྟོག་ཞིབ་གནང་བཞིན་ཡོད།
ལི་ཕིང་གི་ཀྲའོ་ཤིང་ཏུང་རིགས་གྲོང་སྡེར། སྤྱི་ཁྱབ་ཧྲུའུ་ཅི་ཤིན་ཐོན་རྔ་མཁར་གྱི་རྐུབ་སྟེགས་ཐོག་བཞུགས་ནས་ཡུལ་མི་ཚོ་དང་འཚོ་བའི་སྐོར་གླེང་མོལ་གནང་། “རྐུབ་སྟེགས་རིང་མོའི་བཞུགས་མོལ་ཚོགས་འདུ”དེ་ནི་རྣམ་པ་གསར་རྐྱང་ཞིག་རེད། གནའ་གྲོང་ལི་ཅང་གི་རྫ་གཡམ་ཐོག་གི་གངས་ད་དུང་བཞུར་མེད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་ཀྱང་དེ་གར་ལམ་འགོག་མཁན་མེད་ལ་གྲོང་མིར་སུན་པོ་བཟོ་མཁན་ཡང་མེད། མི་ཉུང་སྟབས་བསྡུས་ཀྱི་ཐོག་ནས་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅིར་དགའ་གུས་བྱེད་མཁན་ཡུལ་མི་ཚོའི་སྤྲོ་སེམས་འགོག་ག་ལ་ཐུབ།
གཏན་འབེབས་དོན་ཚན་བརྒྱད་དང་ལྟ་བསྡུར་བྱས་ནས། ད་ཐེངས་ཡུན་ནན་དང་ཀུའེ་ཀྲོའུ་རུ་ཕེབས་སྐབས“མང་ཚོགས་དང་བཞུགས་མོལ་མང་ཙམ་བྱེད་པའི”དཔེ་སྟོན་དང“མི་ཉུང་སྟབས་བསྡུས”དང“ཧུར་བསྲིས་གྲོན་ཆུང”གི་ལག་ལེན་ཡང་ཡོད་པ་མ་ཟད། ཡུལ་མི་ཚོའི“བདེ་སྐྱིད་ལྡན་པའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བའི”སྨོན་འདུན་བཟང་པོ་དེ་བས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཉམས་ལེན་འབད་སྒྲུབ་དང་གོང་དཔེ་འོག་སྟོན་གནང་ནས་མི་དམངས་ལ་བཅངས་པའི་བརྩེ་བ་དང་ཆབ་སྲིད་ཀྱི་རང་མདངས་རྒྱུན་ཆད་མེད་པར་ལག་ལེན་གནང་ཡོད།
2012ལོའི་ཟླ་12ཚེས་4ཉིན་ལ་ཕྱིར་མིག་ལྟ་སྐབས། ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅོ་བརྒྱད་པའི་ཚོགས་འདུའི་ཐོག་སྤྱོད་ཚུལ་ལེགས་གཏོང་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་དུས་རབས་གསར་པར་བཟོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་དང་པོ་རེད་ལ། ལས་ཀའི་སྤྱོད་ཚུལ་ལེགས་གཏོང་གི“འཇུག་སྒོ་དང་སྐུལ་སློང་བཀའ་རྒྱ”ཞིག་ཀྱང་རེད།
དྲི་བ་དང་པོ། གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་རྗེས་ཕན་འབྲས་གང་འདྲ་ཐོན་ཡོད་དམ།
“ང་ཚོས་བྱ་བ་སྒྲུབ་ཐུབ་པ་མ་ཟད། བྱ་བ་ནན་ཏན་གྱིས་སྒྲུབ་ཀྱི་ཡོད”
“གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་མ་ཐག་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་གསོན་ཤུགས་རྒྱས་ཡོད”
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་མིང་ཚབ་ཅིག་ཏུ་གྱུར་པ་དང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི“གསེར་མདོག་མིང་བྱང”ཞིག་ཏུའང་གྱུར་ཡོད།
ད་ཐེངས་ཀྱི་ཡུན་ནན་དང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་འདི་དག་ནང་གཏན་འབེབས་དོན་ཚན་བརྒྱད་ཀྱིས་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ལ་དངོས་འབྲེལ་སྐུལ་འདེད་བཏང་འདུག དར་སྲོལ་གསར་རྐྱང་དུ་གྱུར་ནས་སྔོན་ཆད་ཀྱི་གོམས་ན་བཅོས་དཀའ་བའི་སྣང་ཚུལ་མང་ཆེ་བ་མེད་པར་གྱུར་འདུག”ཅེས་ནན་གསུང་གནང་ཡོད།
2024ལོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་བརྟག་དཔྱད་ལས་མངོན་པ་ལྟར་ན། བཅར་འདྲི་དང་ལེན་བྱེད་མཁན་མང་ཚོགས་94.9%ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཕན་འབྲས་ལ་ཁས་ལེན་བྱས་ཡོད། དེ་ནི་མི་དམངས་མང་ཚོགས་ཀྱིས་རང་རེའི་ཏང་ལ་འཕངས་པའི་ཡིད་རྟོན་གྱི་འདེམས་ཤོག་ཅིག་རེད།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན། གཏན་འབེབས་དོན་ཚན་བརྒྱད་ཀྱིས་སྐྱོང་བ་ནི་ཏང་དང་མང་ཚོགས་ཀྱི་ཤ་རུས་གཅིག་འདྲེས་ཀྱི་བརྩེ་བ་ཟབ་མོ་དེ་ཡིན།
“ང་ཚོས་བྱ་བ་སྒྲུབ་ཐུབ་པ་མ་ཟད། བྱ་བ་ནན་ཏན་གྱིས་སྒྲུབ་པ་ཚང་མས་ཚོར་བ་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་མི་སེར་དང་ཏང་ཡོངས་ཀྱི་ཡིད་ཆེས་ཐོབ་ཐུབ”སྙིང་སྟོབས་དེ་རིགས་ཀྱི་འབོད་སྐུལ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པ་དེ་རིགས་ལ་བརྟེན་ན་རང་རེའི་ཏང་ལ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་རྒྱུན་ཆད་མེད་པར་ཐོབ་ཐུབ་ལ། “ཏང་ཡོངས་ལ་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ནས་ང་ཚོས་དཀའ་ངལ་དང་འགོག་རྐྱེན་གང་རུང་ལའང་སྐྲག་མི་སྲིད”
དྲི་བ་གཉིས་པ། ད་ཆ་ཕན་འབྲས་འདི་ལྟར་ཐོབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
“སྤྱོད་ཚུལ་ལེགས་སུ་གཏོང་བར་ངེས་པར་དུ་གོང་ནས་འོག་བར་གོང་དཔེ་འོག་སྟོན་བྱེད་དགོས”
གཏན་འབེབས་དོན་ཚན་བརྒྱད་ལ་ཕན་འབྲས་ཐོབ་པའི་རྒྱུ་རྐྱེན་ལ་གསེད་བཀྲོལ་བྱས་ཏེ། གོང་དཔེ་འོག་སྟོན་དང“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་པ་ནི་དེའི་ནང་གི་འགག་རྩ་ཡིན།
སྔར་ནས་བཟུང་ཡིད་རྟོན་ལ་སྣང་ཆེན་དང་། ཁ་དན་ཚིག་ལ་གནས་པ། དངོས་འཛིན་དངོས་སྒྲུབ་ལ་བརྩི་འཇོག་བཅས་བྱེད་ཀྱི་ཡོད། གཏན་འབེབས་དོན་ཚན་བརྒྱད་ཐོག་མར་ལག་ལེན་བསྟར་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ནས་དམ་འཛིན་གནང་ཡོད།
“ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པར་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་དགོས་པ་དང་། ཐོག་མར་ཀྲུང་དབྱང་གི་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་དགོས”ཁོང་གིས“མཁས་པས་ཐོག་མར་རང་ཉིད་གཅུན། དེ་ནས་གཞན་ལ་འདོམས་པར་བྱེད”དང“ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་རང་ཉིད་ནས་འགོ་འཛུགས་དགོས”ཞེས་རྣམ་འགྱུར་གསལ་སྟོན་གནང་ཡོད།
དམ་བཅའ་སྔོན་ལ་འཇོག་ལག་ལེན་རྗེས་སུ་བསྟར། མི་མང་པོ་ཞིག་གིས་ད་ལྟའི་བར་དུ་ཡང་གཤམ་གསལ་གྱི་རྣམ་པ་དེ་ཚོ་ཡིད་ལ་གསལ་པོར་འཆར་བ་སྟེ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་པེ་ཅིང་ནས་ཐོག་མར་ཞལ་གྱེས་ཏེ་ཀོང་ཏུང་དུ་རྟོག་ཞིབ་གནང་བར་ཕེབས་སྐབས། ལམ་གཤོང་མཁན་དང་ལམ་བཀག་མཁན་མེད་ལ་ས་གདན་དམར་པོ་ཡང་བཏིང་མེད།
དམག་དཔུང་ལ་གཟིགས་ཞིབ་གནང་རིང་། དམག་གྲུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་མཚོ་དམག་ཟ་ཁང་དུ་ཞལ་ལག་བཞེས་སྐབས། ཞལ་སྡེར་ཕྱག་ནང་ཐོགས་ནས་འཐབ་འཛིང་པ་རྣམས་དང་མཉམ་དུ་བང་བསྒྲིགས་ཏེ་ཞལ་ལག་ལེན་གནང་བ་མ་ཟད། སྒྲོག་ཙེ་གཅིག་གི་སྟེང་དུ་ཞལ་ལག་མཆོད་པ་རེད།
ཞལ་དཀར་ནང་ཏང་སེམས་དང་དམངས་སེམས་འདུས་ཡོད། ཚལ་ཐོ་དང་འཛིན་ཤོག་འགའ། 2012ལོར་ཧོ་པེ་ཧྥུ་ཕིང་རྫོང་ལ་རྟོག་ཞིབ་གནང་བའི་དགོང་ཟས་ཀྱི་ཚལ་ཐོ་དང་། 2014ལོར་ཧོ་ནན་ལན་ཁའོ་རྫོང་དུ་རྟོག་ཞིབ་གནང་སྐབས་ཀྱི་ཞལ་ལག་གི་རིན་པའི་བྱུང་འཛིན། 2015ལོར་ལེང་ཅཱ་ཧོར་གྱི་ཡུལ་མི་ལེང་ཡུས་མིང་གི་ཁྱིམ་གྱི་དགུང་ཟས་ཀྱི་བྱུང་འཛིན་སོགས་ཚལ་བཞི་དང་ཐང་གཅིག་ཚང་མ་ནི་སྤྱིར་བཏང་གི་ཞལ་ལག་ཡིན་པ་དང་། དེ་ནི་གཙོ་འཛིན་ཞིག་གི་རྒྱུན་གཏན་གྱི་འཚོ་བ་ཡིན།
གོང་སྣེ་འོག་ཁྲིད་དང་ལག་ལེན་ཧུར་ཐག་བསྟར་བ། ཀྲུང་གོའི་ས་ཕྱོགས་གང་སར་གཏན་འབེབས་དོན་ཚན་བརྒྱད་དེ་སྤྱོད་ཚུལ་འཛུགས་སྐྱོང་གི“འཇུག་སྒོར”གྱུར་ཏེ་གནད་ནས་ཁྱོན་བར་དང་གནད་ཀྱིས་ཁྱོན་ཁྲིད་དེ་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་གི་ལས་དོན་ལ་སྐུལ་ཁྲིད་བྱས་ཡོད།
“བྱ་སྤྱོད་ལག་ལེན་བསྟར་ཕོད་པ་དང་། སྐད་ཆ་གཟབ་ནན་ཤོད་པ། ང་རྒྱལ་མི་བྱེད་པ། ཕན་འབྲས་དངོས་དོན་གཉེར། དོན་དངོས་དང་མཐུན་པ། དོན་དངོས་དང་དེ་བས་མཐུན་པ”གོང་དཔེ་འོག་སྟོན་གྱི་དངོས་སྒྲུབ་ཁྲོད་ཀྲུང་ཧྭ་མི་རིགས་ཀྱིས་དཔའ་མཛངས་རྟུལ་ཕོད་དང་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་ཡོད།
དྲི་བ་གསུམ་པ། “ངལ་གསོ་བ”མིན་པར་སྔར་བས་སྲ་བརྟན་དུ་གཏོང་དོན་གང་ཡིན་ནམ།
“གཟེར་འདེབས་པ་ནི་གཟེར་བརྟན་པོ་བརྒྱབ་ནས་སྙིང་རུས་གཏན་འཁྱོངས་ཀྱིས་གོམས་སྲོལ་དུ་འགྱུར་བར་བྱེད་དགོས”
མི་འགའ་ཞིག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་ནས་ལོ་འདི་དག་སོང་རིང་ཕན་འབྲས་ཆེན་པོ་ཐོན་ཡོད་པས“ངལ་གསོ་བརྒྱབ་ན”འགྲིག་གི་རེད་དམ་ཞེས་འདྲི་གི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལེ་དབར་གསུམ་གྱི་བདེ་ལམ”ཞེས་པའི་གཏམ་རྒྱུད་དྲངས་ནས་དཔེ་བཞག་གནང་མྱོང་ཡོད། ཐའེ་ཧྲན་རི་སྐེད་ཀྱི་བདེ་ལམ་ཞིག་ལ“ལེ་དབར་གསུམ་གྱི་བདེ་ལམ”ཞེས་འབོད་ཅིང་། རི་འཛེགས་མཁན་ཁག་གཅིག་འདིར་ངལ་གསོ་རྒྱག་རྒྱུར་དགའ་པོ་ཡོད། འོན་ཀྱང་དོ་པོ་དབོར་མཁན་ཚོས་འདི་གར་ངལ་གསོ་ཁྱུག་ཙམ་ལས་རྒྱག་གི་མེད། གལ་སྲིད་ངལ་གསོ་རྒྱག་ཡུན་རིང་ན་རྐང་པར་ཤུགས་མེད་པར་གྱུར་ནས་སླར་ཡང“ཀྱོག་ལམ་བཅོ་བརྒྱད”འཛེགས་སྐབས་དེ་བས་དཀའ་ལས་ཆེ་བ་ཡོད།
གནད་འགག་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སྤྱོད་ཚུལ་འཛུགས་སྐྱོང་ཡང་དེ་ལྟར་རེད། ད་ཐེངས་ཡུན་ནན་དང་ཀུའེ་ཀྲོའུ་རུ་ཕེབས་སྐབས་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཕན་འབྲས་སྐོར་གླེང་གནང་བ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཆ་ཁ་ཤས་ལ་ལྷོད་གཡེང་བཏང་བ་དང་། ཕྱོགས་ཁ་ཤས་ལ་ད་དུང་ཁུག་གསང་སྟོང་གསུམ་ལུས་པ། སྲོལ་ངན་ཁ་ཤས་བསྐྱར་ལོག་དང་ཐོན་མང་དུ་སོང་བ་མཐོང་དགོས། གཟེར་འདེབས་ནི་གཟེར་བརྟན་པོ་བརྒྱབ་ནས་སྙིང་རུས་གཏན་འཁྱོངས་ཀྱིས་གོམས་སྲོལ་དུ་འགྱུར་བར་བྱེད་དགོས”ཞེས་གསལ་སྟོན་གནང་ཡོད།
དམག་འཁྲུག་ལོ་རབས་ཀྱི“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད”ནས་དུས་རབས་གསར་པའི་གཏན་འབེབས་དོན་ཚན་བརྒྱད་བར་གཅིག་རྒྱུན་གཅིག་འཛིན་གྱི་མི་དམངས་ཀྱི་བརྩེ་སེམས་མཚོན་ཡོད་ལ། བློ་ཕྱོགས་གཏད་མིན་ལ་ལོ་རྒྱུས་ཀྱི་ཐོག་ནས་འགྲེལ་བཤད་ཀྱང་བརྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱིས་དབང་ཆ་ང་ཚོར་སྤྲད་པས། ང་ཚོས་ཇི་ལྟར་བྱས་ཚེ་གཞི་ནས་མི་དམངས་བློ་བདེ་ཡོང་ཐུབ་པའི་གནད་དོན་འདིར་དགོངས་པ་ཡང་ཡང་བཞེས་ཀྱི་ཡོད།
དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ལོ་རྒྱུས་ཀྱི་ཆོས་ཉིད་ལ་གཞིགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ལོ་ལྔ་དང་ལོ་བཅུའི་རིང་གི་གཏན་འབེབས་ཙམ་མིན་པར་དེ་ནི“ཡུན་རིང་ནུས་ལྡན་གྱི་གཏན་འབེབས་ནན་པོ་ཞིག་དང་འགྱུར་མེད་ཀྱི་གཏན་འབེབས་ཤིག་ཡིན”ཞེས་བརྡར་ཤ་བཅད་གནང་ཡོད།
དྲི་བ་བཞི་པ། གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སླད་ཕྱིན་ལས་དོན་ཇི་ལྟར་སྒྲུབ་དགོས་ཟེར་ན།
“ཕྱི་ཚུལ་རིང་ལུགས་སྤེལ་མི་རུང་། ཕྱི་ཚུལ་རིང་ལུགས་ནི་མ་གཞི་ནས་གཏན་འབེབས་དོན་ཚན་བརྒྱད་ཀྱི་ངོ་རྒོལ་བྱ་ཡུལ་ཞིག་རེད”
གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རིང་། ཏང་ཀྲུང་དབྱང་གིས་དེ་འདི་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་དུ་བརྩིས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དང་ཀུའེ་ཀྲོའུ་རུ་ཕེབས་སྐབས། ཁོང་གིས། “རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་དོན་སྙིང་གལ་ཆེན་དེར་གོ་བ་གཏིང་ཟབ་བླངས་ནས། བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བདེ་དངོས་སྒྲུབ་ཀྱི་སྒོ་ནས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་སྤེལ་མི་རུང་བ་དང་། ཕྱི་ཚུལ་རིང་ལུགས་ནི་མ་གཞི་ནས་གཏན་འབེབས་དོན་ཚན་བརྒྱད་ཀྱི་ངོ་རྒོལ་བྱ་ཡུལ་ཞིག་རེད”ཅེས་ཆེད་དུ་བཀའ་མངགས་གནང་ཡོད།
གང་ཞིག་ལ་ངོ་རྒོལ་དང་གང་ཞིག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཁ་དན་ཚིག་གནས་བྱེད་པ་ནས་འགོ་འཛུགས་པ་དང་སྒྲིག་སྲོལ་ལམ་ལུཌ་འཛུགས་པའི་དོན་དངོས་ནས་ལམ་སྲོལ་གསར་པ་ཆགས་པའི་བར་དང་། དེ་ནས་སྙིང་རུས་གཏན་འཁྱོངས་ཀྱིས་དམ་འཛིན་བྱེད་པའི་བར་ཡིན།
རྒྱལ་ཡོངས་གོང་འོག་ཚང་མས་བྱ་སྤྱོད་སྤེལ་བཞིན་ཡོད། གོམ་སྟབས་རྗེས་མར་ལས་དོན་ཇི་ལྟར་སྒྲུབ་དགོས་པ་ཁ་གསལ་བཏོན་ཡོད། དུས་རབས་གསར་པའི་ལག་ལེན་ཁྲོད་ནས་ཁ་ཕྱོགས་བཙལ་ན་འགྲིག “ངས་བལྟས་ན། འགག་རྩ་ནི་རྒྱུན་དུ་ནས་དམ་འཛིན་དང་། དམ་འཛིན་ཞིབ་ཕྲ། ཡུན་རིང་དམ་འཛིན་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་ཐུག་འདུག” གཏན་འབེབས་དོན་ཚན་བརྒྱད་ཐོག་མར་ལག་ལེན་བསྟར་སྐབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་དགོངས་པ་ཟབ་མོ་བཞེས་ཡོད།
རྒྱུན་དུ་ནས་དམ་འཛིན་བྱེད་པར“རྟག་ཏུ་དམ་འཛིན་དང་རྒྱུན་རྣམ་དུ་འགྱུར་བ”བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་ཏང་ནང་ཁུལ་གྱི་མཉམ་སྡེབ་སློབ་སྦྱོང་སློབ་གསོ་ཐེངས་མང་གཅིག་ལ་གཅིག་སྦྲེལ་དང་དེར་རིམ་བཞིན་སྐུལ་འདེད་བཏང་ཡོད། བྱེད་སྒོ་སྤེལ་ཚད་མང་བ་དང་། བྱེད་སྒོ་སྤེལ་ཤུགས་ཆེ་བ། ཕན་འབྲས་མངོན་གསལ་དོད་པ་བཅས་ནི་ལོ་བརྒྱའི་ཏང་གི་ལོ་རྒྱུས་ནང་མཐོང་དཀོན་པ་ཞིག་རེད། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་མཐུད་ཅིག་ཡིན་ལ། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་རྒྱུན་འཛིན་ཞིག་ཀྱང་ཡིན།
དམ་འཛིན་ཞིབ་ཕྲ་བྱེད་པར“དམ་འཛིན་གཏིང་ཟབ་དང་བྱེད་ཐབས་དངོས”འདོན་དགོས།
མེ་ལོང་ལྟ་བ་དང་། ཞྭ་གོས་སྲོང་བ། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ་བཅས་ཀྱི་བྱ་སྤྱོད་ལ་དངོས་འཛིན་བཙན་འཐབ་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། བརྟག་དཔྱད་ཞིབ་འཇུག་དང་། གསར་འགྱུར་སྤེལ་གཏོང་། ལས་བྱེད་པའི་སྡོད་ཁང་། གཞུང་ལས་ཁང་། གཞུང་དོན་སྣེ་ལེན། ཐོག་ཁང་དང་ཟ་ཁང་། གཞུང་དངུལ་འཛད་སྤྱོད། རྒྱས་སྤྲོས་ཆུད་ཟོས། ལག་རྟགས་དང་འབུལ་རྟེན་སོགས་ཀྱི་ཐད་ལྷག་པའི་གནད་དོན་ལ་དམིགས་ནས་རེ་རེ་བཞིན་དམ་འཛིན་བྱེད་དགོས། དམ་འཛིན་ཞིབ་ཕྲ་བྱས་ཚེ་གཞི་ནས་ལས་དོན་གཏིང་ཟབ་སྤེལ་ཐུབ།
ཡུན་རིང་དམ་འཛིན་བྱེད་པར“རྒྱུན་མཐུད་དམ་འཛིན་དང་ཕན་འབྲས་དངོས་ཐོན་པ”བྱེད་དགོས།
ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚང་མའི་ནང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་བྱེད་པའི་གྲོས་རིམ་བཀོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་། སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག འགན་འདེད་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཁག་གཅིག་གཏན་འབེབས་དང་བཟོ་བཅོས་བརྒྱབ་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་བླང་བྱ་ཚང་མ་དེའི་ནང་བཅུག་ནས་རེ་རེ་བཞིན་ཞིབ་བཤེར་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད།
གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་ཚུལ་ཐད་ཏང་ཀྲུང་དབྱང་གིས་ཀྱང་རྟག་ཏུ་སྐུལ་འདེད་དང་གང་སར་ལྟ་བསྡུར་བྱས་ཏེ“རྟག་ཏུ་བློ་བཟོད་མི་བདེ་བ”བྱེད་ཀྱི་ཡོད། ཏང་བཙུགས་ལོ་བརྒྱའི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་སྐབས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འགྲེམས་པང་མདུན་དུ་ཕེབས་མཚམས་བཞག་སྟེ“འདིའི་དོན་ཚན་བརྒྱད་ནང་གི་ཚོགས་འདུའི་བྱེད་སྒོ་ཁུ་བསྡུ་དང་། ཉེན་སྲུང་ལས་དོན་ལེགས་གཏོང་། གསར་འགྱུར་སྤེལ་གཏོང་ལེགས་གཏོང་། ཧུར་བསྲི་གྲོན་ཆུང་ལག་བསྟར་བཅས་ཚང་མ་ཡག་པོ་བྱུང་འདུག འོན་ཀྱང་ད་དུང་ཡང་སྐོར་བསྐྱར་སྐོར་གྱིས་ཤོད་པ་དང་དམ་འཛིན་ལྷོད་མེད་བྱེད་དགོས” ཟླ་2ཚེས་26ཉིན་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ཟླ་དང་པོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱོགས་སྡོམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཟླ་བ་137བསྟུད་མར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ཞིག་རེད།
ཁྱིམ་ཚང་ཁྲི་སྟོང་ལས་ཏང་སྲོལ་སྲིད་སྲོལ་མངོན། ད་ཆ་ཡངས་ཤིང་རྒྱ་ཆེ་བའི་མེས་རྒྱལ་གྱི་ས་གཞི་ཆེ་མོའི་གང་སར་དུས་བདེ་འཆམ་མཐུན་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡོད་པ་དེ་ནི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་ཚུལ་ཞིག་རེད། དེ་ནི་ཏང་སྲོལ་སྲིད་སྲོལ་བཟང་པོས་སྤྱི་ཚོགས་ཀྱི་སྲོལ་བཟང་དང་དམངས་སྲོལ་ལ་སྣེ་ཁྲིད་བྱས་པ་ལས་བྱུང་བ་ཞིག་དེ་བས་མ་ཡིན་ནམ།
ལག་ལེན་རླབས་པོ་ཆེ་ལས་དུས་རབས་ཀྱི་སྲོལ་གསར་དར་བ་དང་དུས་རབས་ཀྱི་སྲོལ་གསར་ལས་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་བཏང་ཡོད། དེས་ན་སྤྱོད་ཚུལ་འཛུགས་སྐྱོང་མཚམས་མེད་རྒྱུན་སྒྲུབ་བྱེད་དགོས།