ཀྲུང་གོའི་གཞོན་ནུ་དང་བླངས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲའོ་ཧྲུའུ་ཆིན།
འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཡ་ནན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་24ཉིན། 10:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཁ་ལ་ཁུ་ནུ་རི་འདབས་སུ་གནས་པའི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་ཧྲི་ཤོག་གསུམ་པའི་ཐུའུ་མུའུ་ཧྲུའུ་ཁེ་གྲོང་ཁྱེར་ཐོ་ཡུན་འབྲོག་རའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལས་བརྒལ་བས“སྤྲིན་གསེབ་ཀྱི་འབྲོག་ར”ཞེས་འབོད་ཅིང་། དེ་ནི་ཁོར་ཁེ་ཙི་རིགས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་དམག་སྡེའི་འབྲོག་ར་ཞིག་རེད།
ཀོང་ཏུང་གི་བུ་མོ་ཧྲའོ་ཧྲུའུ་ཆིན་གྱིས་འདི་གར་ལོ་བཅུ་ལྷག་ཙམ་ཞབས་འདེགས་ཞུས་ནས་བསྡད་པས། ས་གནས་དེ་གའི་ཡུལ་མིས་ཁོ་མོར“ཁོའོ་ལན་གྱི་བུ་མོ”ཞེས་འབོད་ཀྱི་ཡོད། ཁོར་ཁེ་ཙིའི་སྐད་ནང“ཁོའོ་ལན”ཞེས་པ་ནི་དཔའ་ངར་ཆེ་བའི་དོན་ཡིན།
“ཚེ་གང་བརྗེད་པར་དཀའ་བའི་བྱ་བ་ཞིག་སྒྲུབ་འདོད་ཡོད”
2013ལོར་ཧྲའོ་ཧྲུའུ་ཆིན་སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་མིང་ཐོག་ནས་ཤིན་ཅང་དུ་བསྐྱོད་པ་དང་། ལས་གྲབས་སྦྱོང་བརྡར་བྱེད་སྐབས། རང་ཉིད་ཧྲི་ཤོག་གསུམ་པའི་ཐུའུ་མུའུ་ཧྲུའུ་ཁེ་གྲོང་ཁྱེར་གྱི་ལས་ཁུངས་སུ་ལས་བགོས་བརྒྱབ་པ་ཤེས་རྗེས། ཁོང་གིས་རང་འགུལ་ངང་འགོ་ཁྲིད་བཙལ་ནས་དམག་སྡེའི་འབྲོག་རར་འགྲོ་རྒྱུའི་རེ་ཞུ་བྱས་ཏེ། “ངས་གཞི་རིམ་དུ་སྦྱོང་བརྡར་བྱས་ནས་ཚེ་གང་བརྗེད་པར་དཀའ་བའི་བྱ་བ་ཞིག་སྒྲུབ་འདོད་འདུག”ཅེས་བཤད།
སྦྱོང་བརྡར་མཇུག་འགྲིལ་རྗེས། ཧྲའོ་ཧྲུའུ་ཆིན་ཐོ་ཡུན་འབྲོག་རའི་བཟོ་ཚོགས་སུ་ལས་བགོས་བརྒྱབ། “མིང་ཐོས་པ་ཙམ་གྱིས་དེ་གར་ནི་རྩྭ་ཆུ་རྒྱས་ཤིང་ཡུལ་ལྗོངས་མཛེས་པའི་ས་ཆ་ཞིག་རེད་བསམས་བྱུང་། ང་བསུ་བར་ཡོང་མཁན་འབྲོག་རའི་འགོ་ཁྲིད་ཀྱིས་ང་ལ‘ཁྱོད་ཀྱིས་བསམ་བློ་ཡག་པོ་བཏང་བ་ཡིན་ནམ། འབྲོག་རར་སླེབས་རྗེས་ང་ལ་ཚུར་སྐྱེལ་རོགས་ཞེས་མ་ལབ་ཨང’ཞེས་གད་མོ་དགོད་བཞིན་བཤད་བྱུང”ཞེས་ཁོང་གིས་བཤད།
རླངས་འཁོར་ཀྱག་ཀྱོག་གི་ས་རྡོའི་ལམ་བརྒྱུད་གང་ཙམ་སོང་རྗེས་ཐང་རྒོད་ཞིག་ཏུ་སླེབས་ནས་ཐལ་རྡུལ་གྱིས་ཡོངས་སུ་བསྒྲིབས། ཧྲའོ་ཧྲུའུ་ཆིན་གྱི་བསམ་ཡུལ་ལས་འདས་པ་ནི། འབྲོག་རར་ལྕགས་ཤོག་ཁང་པའི་ཚོང་ཁང་ཆུང་ཆུང་ཞིག་ལས་མེད་པས། ཚལ་ཡང་སྤྱི་ལེ་6གི་སར་ཡོད་པའི་ཐོ་ཕ་འགག་སྒོར་ཉོ་རུ་འགྲོ་དགོས་ཀྱི་ཡོད། འབྲོག་ར་ཧྲིལ་པོར་ཁང་པ་8ལས་མེད་པ་དང་། ཁྱོན་མི་གྲངས་1000ལྷག་ཙམ་ཡོད་པའི་ནང་འབྲོག་རའི་ལས་མི་400ལྷག་ཙམ་ཡོད་པ་དེ་དག་མང་ཆེ་བ་ནི་རྒན་རྒོན་དང་བྱིས་པ་ཡིན་པ་རེད།
ཚང་མས་ཤ་རིད་པའི་ལྷོ་ཕྱོགས་ཀྱི་བུ་མོ་འདི་ངུ་ཤོར་ངེས་རེད་སྙམ་པའི་སེམས་ཁྲལ་བྱེད་སྐབས། ཧྲའོ་ཧྲུའུ་ཆིན་གྱིས་མགོ་འཐོམ་པ་དང་ཡིད་སྐྱོ་ནས་མ་བསྡད། མྱུར་དུ་དང་བླངས་ཞབས་ཞུའི་ནང་ཞུགས་ཏེ་ཡུལ་དེ་གའི་འཚོ་བ་དང་རྦད་དེ་འཕྲོད་པར་བྱས་ཡོད། ཁོང་གིས། “དེ་གར་ལས་ཀ་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།
“རང་ཉིད་མཁོ་པོ་འདི་འདྲ་ཡོད་པ་གཏན་ནས་བསམ་མ་མྱོང”
དེ་ནས་ཧྲའོ་ཧྲུའུ་ཆིན་གྱིས་ཅ་སྨི་ཡ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་དང་གྲོགས་མོ་བསྒྲིགས་པ་དང་། བུ་མོ་ཆུང་ཆུང་དེ་འབྲོག་རའི་དམར་དམག་སློབ་ཆུང་དུ་འགྲོ་གི་ཡོད། ཧྲའོ་ཧྲུའུ་ཆིན་གྱིས་སློབ་གྲྭར་ཁོང་མོར་བལྟ་བར་འགྲོ་སྐབས། དེ་གར་བྱིས་པ་140ལྷག་ཙམ་ཡོད་པའི་ནང་མང་ཆེ་བ་ནི་གཞིས་ལུས་བྱིས་པ་ཡིན་པ་དང་། ཁོ་ཚོའི་ཕ་མ་སྤྱི་ལེ་བཅུ་ཕྲག་གམ་ཐ་ན་བརྒྱ་ཕྲག་ལྷག་ཙམ་གྱི་སར་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད་པ་རྟོགས།
ལས་ཀའི་ཞོར་དུ་ཧྲའོ་ཧྲུའུ་ཆིན་གྱིས་སློབ་གྲྭར“ཕུགས་འདུན་གྱི་སློབ་ཚན”འཁྲིད་ཀྱི་ཡོད་ཅིང་། ཁོང་གིས། “བྱིས་པ་མང་ཆེ་བས་ཕྱི་རོལ་གྱི་འཇིག་རྟེན་མཐོང་མ་མྱོང་བར་བརྟེན་ང་རང་མཐའ་མཚམས་ཀྱི་འབྲོག་ར་དང་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འབྲེལ་མཐུད་བྱེད་མཁན་གྱི་སྦྲེལ་ཟམ་དེར་འགྱུར་འདོད་འདུག”ཅེས་བཤད།
ཧྲའོ་ཧྲུའུ་ཆིན་གྱིས་ཁ་ཧྲི་གྲོང་ཁྱེར་དུ་ལས་ཀ་བྱེད་བཞིན་པའི་རང་ཉིད་ཀྱི་དང་བླངས་པའི་གྲོགས་པོ་ཡང་སྐུལ་སློང་བྱས་ནས་གཟའ་མཇུག་ཏུ་འབྲོག་རར་ཕྲུ་གུ་ཚོ་དང་མཉམ་དུ་གླུ་ལེན་གར་འཁྲབ་དང་རོལ་རྩེད་རྩེ་བར་བོས་ཡོད། མིང་ལ་ནུར་ཙེ་ཡ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད་ཅིང་། ཧྲའོ་ཧྲུའུ་ཆིན་གྱིས་ཞབས་བྲོའི་འཁྲབ་ཁྲིད་ཆེད་ལས་ཀྱི་གྲོགས་པོ་དང་འབྲེལ་བ་བྱས་ནས་ནུར་ཙེ་ཡ་དང་བརྙན་ལམ་ཐད་གཏོང་ཐོག་ནས་ཞབས་བྲོའི་ཆེད་ལས་ཤེས་བྱ་བསླབས། རྗེས་སུ་བུ་མོ་ཆུང་ཆུང་དེ་ཡང་རེ་འདུན་ལྟར་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད།
ལོ་གཅིག་གི་དུས་ཚོད་མྱུར་དུ་འདས་པ་དང་ཧྲའོ་ཧྲུའུ་ཆིན་ཡང་འབྲོག་ར་ནས་ཁ་བྲལ་བའི་དུས་སུ་སླེབས། ཕྲུ་གུ་ཚོས་ཁོང་གི་ཁང་པའི་ནང་དུ་ཤོག་བྱང་བཞག་ནས“ཨ་ཅག མ་འགྲོ་རོགས”ཞེས་བྲིས་ཡོད་པ་དང་། ཡུལ་མི་ཚོས་ཀྱང་ལུག་ཤ་དང་ཕྱུར་བ་བསྐྱལ་ནས་ཁོ་མོ་མུ་མཐུད་སྡོད་རྒྱུའི་རེ་བ་བྱས། “རང་ཉིད་མཁོ་པོ་དེ་འདྲ་ཡོད་པ་གཏན་ནས་བསམ་མ་མྱོང” ཧྲའོ་ཧྲུའུ་ཆིན་གྱིས་ནང་མི་དང་གྲོས་བསྡུར་བྱས་རྗེས་དེ་གར་མུ་མཐུད་སྡོད་རྒྱུའི་ཐག་བཅད། ཁོང་ནི་ཐོ་ཡུན་འབྲོག་ར་བཙུགས་པ་ནས་བཟུང་དངོས་སུ་ལས་ཀར་ཡོང་མཁན་བུད་མེད་སློབ་ཆེན་སློབ་མའི་དང་བླངས་པ་དང་པོར་གྱུར་ཡོད།
“ཐོ་ཡུན་འབྲོག་ར་དང་མཉམ་དུ་འཚར་ལོངས་བྱུང”
2016ལོར་ཧྲའོ་ཧྲུའུ་ཆིན་ཧྲི་ཤོག་གསུམ་པའི་ཐོ་ཡུན་འབྲོག་ར་ཞང་ཡུན་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད།
གནས་དེ་གའི་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་དཀའ་ངལ་ཐག་གཅོད་བྱ་ཆེད། ཧྲའོ་ཧྲུའུ་ཆིན་གྱིས་ལས་བཟོ་ཁྲིད་ནས་དྲོད་ཁང་ཆེ་མོ་བརྒྱབ་སྟེ་སྔོ་ཚལ་འདེབས་པའི་གྲ་སྒྲིག་བྱས་ཤིང་། ཁོང་གིས་ཁེ་ཙེ་ལེ་སུའུ་ཁོར་ཁེ་ཙི་རང་སྐྱོང་ཀྲོའུ་ཝུའུ་ཆ་རྫོང་གི་སྔོ་ཚལ་འདེབས་མཁན་ཞིང་པ་གདན་དྲངས་ནས་དྲོད་ཁང་ཆེ་མོ་བཞི་བརྒྱབ་པ་རེད། སྔོ་ཚལ་ཁག་དང་པོར་ལོ་ལེགས་བྱུང་སྐབས་ལས་བྱེད་ལས་བཟོ་ཚང་མས་ཧྲའོ་ཧྲུའུ་ཆིན་ནི་བསམ་ཕོད་ལ་བྱེད་ཕོད་མཁན་ཞིག་རེད་ཅེས་བསྔགས་བརྗོད་བྱས།
ཁོར་ཁེ་ཙི་རིགས་ཀྱི་གཉེན་སྒྲིག་དང་། དུས་ཆེན་ཚང་མར་གྱོན་ཆས་དང་ཉལ་ཆས་གསར་པ། ས་གདན་སོགས་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ལས་བཟོ་ཐུའུ་ཁུང·ཧྲ་རེ་ཕར་ཆིན་རྒྱག་པར་མཁས་པོ་ཡོད་པས་གཉེན་ཉེ་གཉིས་གསུམ་ཁྲིད་ནས་ཕར་ཆིན་གྱི་ཚོང་རྒྱག་གི་ཡོད། ལས་ཀ་མང་བའི་དུས་སུ་མངགས་ཐོ་འགའ་དོར་དགོས་པས། ཧྲའོ་ཧྲུའུ་ཆིན་གྱིས་ཁོང་ལ་རོགས་རམ་བྱས་ནས་ཉེ་འཁོར་གྱི་ཕར་ཆིན་རྒྱག་མཁན་སྒྲིག་འཛུགས་བྱས་ཏེ་མཉམ་ལས་ཁང་ཞིག་བཙུགས་པ་དང་མི་མང་ཤོས་སྐབས་སུ་མི་60ལྷག་ཙམ་ཟིན་པས་ཚང་མ་སྒོ་འགྲམ་ནས་ལས་ཞུགས་ཐུབ་ཡོད། ལོ་དེ་དག་ནང་མཉམ་ལས་ཁང་གིས་འགྲེམས་ཚོགས་མི་ཉུང་བ་ཞིག་ལ་ཞུགས་པས་ལག་ཤེས་ཐོན་རྫས“རྔ་མོང”དང་ཞྭ་མོ་སོགས་བྲིན་པོ་བྱུང་ཡོད།
ཐོ་ཡུན་འབྲོག་རའི་ལུག་ཤའི་བྲོ་བ་ཞིམ་པོ་ཡོད། ལན་ཤོག་གསུམ་པའི་ཨ་དབྱི་ཧྥུའུ·ཁུའུ་ཝ་ཡིས་ཐོག་མཐའ་བར་གསུམ་དུ་ལུག་ཤ་འཚོང་བཞིན་ཡོད་མོད། འོན་ཀྱང་ས་གནས་དེ་རང་མ་གཏོགས་འཚོང་མི་ཐུབ་པ་མ་ཟད། རིན་གོང་ཡང་མཐོ་པོ་རག་གི་མེད། ཧྲའོ་ཧྲུའུ་ཆིན་ལ་ཐབས་ཤེས་ཤིག་རྙེད་པ་སྟེ། ལུག་ཤར་ལག་རྟགས་སྒམ་བཟོས་ནས་དྲ་ཐོག་ནས་ཕྱིར་ཚོང་བྱས་ཏེ་རིན་ཐང་མཐོ་རུ་གཏོང་རྒྱུ་དེ་རེད། འབྲོག་རའི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག་ས་གནས་དེ་གའི་གཞོན་ནུའི་ལས་གཏོད་ལས་ཞུགས་དྲ་ཐོག་ཚོང་དོན་སྐྱོང་གསོ་རྟེན་གཞི་ཐོག་མ་བཙུགས་པ་དང་། ཧྲའོ་ཧྲུའུ་ཆིན་གྱིས་ཨ་དབྱི་ཧྥུའུ་ལ་དྲ་ཐོག་ཚོང་ཁང་འཛུགས་རོགས་བྱས་པ་མ་ཟད། ད་དུང་ཀོང་ཏུང་ཏུང་ཀོན་གྲོང་ཁྱེར་གྱི་མཁོ་ཚོང་ཁང་ཞིག་ཏུ་ཆེད་སྒྲོམ་བཙུགས་པར་མངགས་ཐོ་ཏུན་500རག་ཡོད།
འབྲོག་ར་ཇེ་བཟང་དུ་སོང་བས་ཧྲའོ་ཧྲུའུ་ཆིན་དང་འབྲོག་རའི་དབར་གྱི་བརྩེ་བ་ཡང་ཟབ་ཏུ་སོང་། ཁོང་གིས“ཐོ་ཡུན་འབྲོག་ར་དང་མཉམ་དུ་འཚར་ལོངས་བྱུང་ནས་དེའི་ནང་ཞུགས་པ་དང་དེར་བདེན་དཔང་ཐུབ་དུས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
ན་ནིང་ལོ་མཇུག་ཏུ། ཧྲའོ་ཧྲུའུ་ཆིན་ཀྲུང་གོའི་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་ཡོད། ཁོང་གིས་རང་ཉིད་ཀྱི་གཏམ་རྒྱུད་བརྒྱུད་གཞོན་ནུ་དེ་བས་མང་བས་ནུབ་རྒྱུད་ལ་རྒྱུས་ལོན་བྱས་ནས་ནུབ་རྒྱུད་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདི་ལོའི་ལོ་འགོར་ཧྲའོ་ཧྲུའུ་ཆིན་ཁ་ཧྲི་དཔལ་འབྱོར་གསར་སྤེལ་ཁུལ་པིན་ཐོན་ཡན་ལག་ཁུལ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དོ་དམ་ཅུས་སུ་ལས་ཀ་བསྒྱུར། ཁོང་གིས“ལས་གནས་ལ་འགྱུར་བ་བྱུང་མོད། འོན་ཀྱང་མཐའ་སྲུང་དང་། མཐའ་དར། མཐའ་ཕྱུག་བཅས་བྱེད་པའི་ཕུགས་བསམ་ནམ་ཡང་འགྱུར་མི་སྲིད”ཅེས་བཤད།