གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་21ཉིན། 16:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཞིང་ལས་དང་ཞིང་གྲོང་པུའུ་ཡིས་2025ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་གསལ་ཐོ་ཁྱབ་བསྒྲགས་བྱས་ཏེ། སྲིད་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས།
སྲིད་ཇུས་གསལ་ཐོའི་ནང་བརྟན་པོའི་ངང་ལག་བསྟར་བྱས་པའི་ཀྲུང་དབྱང་ནོར་སྲིད་ནས་མི་དང་དུད་ཚང་དུ་ཞིང་ལས་ཁ་གསབ་སྲིད་ཇུས་ཁག་9ཚུད་ཡོད་པ་དེ་དག་སོ་སོ་ནི་གཤམ་གྱི་འདི་དག་རེད།
རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ།
ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་ཁ་གསབ།
གྲོ་ལ“གཏོར་གཅིག་འགོག་གསུམ”གྱི་ཁ་གསབ་རོགས་དངུལ།
སྲན་ཆེན་དང་མ་རྨོས་ལོ་ཏོག་མཉམ་འདུས་འདེབས་འཛུགས་ཀྱི་ཁ་གསབ།
མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་དང་འབྲས་སོབ་ཀྱི་ཁ་གསབ།
རྨོ་ཞིང་འདེབས་རེས་ཀྱི་ཁ་གསབ།
ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁ་གསབ།
རྩྭ་ཐང་གི་ཕྱུགས་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ།
ཞིང་ལས་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ།
ཁ་གསབ་བྱས་པ་བརྒྱུད། བྱང་ཤར་ས་ཁུལ་དུ་མ་རྨོས་ལོ་ཏོག་དང་སྲན་ཆེན་འདེབས་འཛུགས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། འབྲས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་དུ་འབྲས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས། ནུས་ཆེའི་སོན་འདེབས་འཕྲུལ་འཁོར་དང་། རིག་ནུས་མྱུར་བགྲོད་མྱུ་གུ་འཛུགས་པའི་འཕྲུལ་འཁོར། རིག་ནུས་རྩེར་སོན་མཉམ་འབྲེལ་ཡོང་འབབ་འཕྲུལ་ཆས་ཆེ་གྲས་སོགས་ཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་ཁ་གསབ་རོགས་དངུལ་སྤྲད་པ་བརྒྱུད་གཙོར་བྱས་ནས་རྒྱབ་སྐྱོར་ཡང་བྱ་དགོས། ཕྱུགས་ལས་གསོ་སྤེལ་ར་བར་སྤྱོད་པའི་རྨོ་ཞིང་དང་། ནགས་ས། རྩྭ་ས། ཡུག་གཅིག་འབྲུ་ཞིང་བཅས་སྒྲིག་བཀོད་ཞིང་ལས་ལ་སྤྱོད་པའི་ས་ཆར་བསྒྱུར་བའི་རྨོ་ཞིང་དང་། ཞིང་ལས་ལ་སྤྱོད་པ་མིན་པའི་ས་ཞིང་བསྡུ་སྤྱོད(བཟུང་སྤྱོད།)སོགས་སྤྱོད་སྒོ་བསྒྱུར་ཟིན་པའི་རྨོ་ཞིང་ལ་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་སྤྲོད་རྒྱུ་མིན་པ་དང་། ལོ་གཅིག་ཡན་ས་རྒོད་དུ་བསྐྱུར་རིགས་ལ་ལོ་རྗེས་མའི་ཁ་གསབ་ཐོབ་ཐང་མེད་པར་བཟོ་རྒྱུ་རེད།
སྲིད་ཇུས་ཁག་དགུ་པོ་འདི་དག་ལ་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དེ་གཏན་འབེབས་ཀྱི་རྒྱུ་རྐྱེན་ལྟར་ཚོད་རྩིས་བྱས་ནས་ཞིང་ཆེན་ལ་བགོ་བཤའ་རྒྱག་རྒྱུ་དང་། ཞིང་ཆེན་རིམ་པས་བླང་བྱ་ལྟར་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་སྒྲིག་འཛུགས་བྱས་ནས་ཁ་གསབ་ཁྱབ་ཁོངས་དང་། རྒྱབ་སྐྱོར་བྱ་ཡུལ། ཁ་གསབ་ཚད་གཞི་བཅས་ཞིབ་ཕྲ་བཟོ་དགོས།