འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་19ཉིན།

༄༅།།མཚོ་སྔོན་གཏེར་ལེན་ཁ་ཡིས་ཚན་རྩལ་ལ་བརྟེན་ནས་ཐང་རྒོད་གཟན་རྩྭའི་རྟེན་གཞིར་བསྒྱུར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་19ཉིན། 13:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཏ་ཆན། ཁྲེན་ཅེ།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་གངས་ཆེན་པོ་ཞིག་བབས་པ་དང་བསྟུན་ནས་གཟན་རྩྭ་རྟེན་གཞིའི་གཟན་རྩྭ་དབོར་འདྲེན་གྱི་ལས་བྲེལ་ཆེ་རུ་ཕྱིན་ཡོད། “ས་ཞིང་ལེགས་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བས་ཡུག་གུ་དང་འབུ་སུ་ཧང་སོགས་ཀྱི་ཐོན་འབབ་བརྟན་པོ་འཕར་ཡོད། ན་ནིང་གཟན་རྩྭ་སྣ་ཚོགས་ཏུན་ཁྲི་1.5གྲབ་གསོག་བྱས་ཡོད། འོན་ཀྱང་ཉིན་འདི་དག་རིང་མངགས་མཁན་མང་བས་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག”ཅེས་མཚོ་སྔོན་པེན་ཧྲེང་རྩྭ་འདེབས་འཛུགས་ལས་རིགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྥུ་ཡུན་ཅེ་ཡིས་བཤད།

དེ་སྔོན་གངས་ཆེན་པོ་བབས་མ་ཐག་གཟན་རྩྭ་མི་འདང་བའི་སེམས་ཁྲལ་བྱེད་པ་ནས་ད་ལྟའི“གཟན་རྩྭ་འཚོང་མཁན་ཡོད་པ་དང་། གཟན་རྩྭ་ཉོ་ཐུབ་པ། དུས་ཐོག་ཏུ་གཟན་རྩྭ་སྐྱེལ་ཐུབ་པའི”བར། ཀན་སུའུ་ཏན་མཱ་གཟན་རྩྭ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀའོ་ལེ་མིང་གིས“དེ་སྔོན་དགུན་མཇུག་དང་དཔྱིད་འགོའི་མཚམས་སུའམ་གངས་ཆར་གྱི་གནམ་གཤིས་བསྟན་དུས་ལུག་གི་ཤ་ཤེད་སྐྱོ་རུ་འགྲོ་གི་ཡོད། ད་དུང་དམིགས་བསལ་གྱི་གནམ་གཤིས་བསྟན་ཚེ། ལུག་འཁྱགས་ཤི་དང་ལྟོགས་ཤི་ཐེབས་ཀྱི་ཡོད། ད་ཆ་ཉིན་གཉིས་ནང་གཟན་རྩྭ་ཉོ་ཐུབ་པས་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད།

ཚྭ་འདམ་གཤོང་སར་གནས་པའི་གཏེར་ལེན་ཁ་ནི་མི་རྣམས་ཀྱི་བག་ཆགས་ཁྲོད“ཐང་རྒོད་གྲོང་ཁྱེར”ཞིག་ཡིན། དེ་གར་ཆར་ཆུ་ཉུང་ལ་སྐམ་ཤས་ཆེ་བའི་དམིགས་བསལ་གྱི་ས་གཤིས་ཆ་རྐྱེན་ལས་ཐང་རྒོད་དང་བ་ཚྭ་ཅན་གྱི་ས་རྒྱ་ཆེན་པོ་ཆགས་ཡོད། ཉེ་བའི་ལོ་ཤས་ནང“ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ”གྱི་དམིགས་ཚད་ལ་དམིགས་ནས། “སྲིད་གཞུང་དང་། ཚན་ཞིབ། ཁེ་ལས”བཅས་ཟུང་དུ་འབྲེལ་བ་ལས་སྟེགས་སུ་བྱས་ཏེ། ཐང་རྒོད་ཅན་དང་བ་ཚྭ་ཅན་གྱི་ས་རྒྱུ་བཅོས་སྐྱོང་བྱེད་པ་དང་ཆབས་ཅིག་གཟན་རྩྭ་ཐོན་སྐྱེད་འབོར་ཆེན་བྱེད་པའི་དཔེ་སྟོན་བཏོད་པས། མཐའ་འཁོར་གྱི་ཞིང་དུད་ལ་ལག་རྩལ་གསར་པ་ཤེས་པ་དང་གཟན་རྩྭ་བཏབ་ནས་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་པ་མ་ཟད། ད་དུང་གྲངས་འབོར་འདང་ངེས་དང་སྤུས་ཚད་ལེགས་པའི་གཟན་རྩྭར་བརྟེན་ནས་དེ་བས་རྒྱ་ཆེ་བའི་འབྲོག་ཁུལ་གྱི་གཟན་རྩྭ་འགན་ལེན་དང་གནོད་འཚེ་འགོག་པར་འགན་ལེན་ཡང་ཐུབ་ཡོད།

མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་རིགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཞུས་ཁྲེང་ཐི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་ཁོང་ཚོས་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ཐང་རྒོད་ལ་འཚམ་པའི་སྤུས་ལེགས་ཀྱི་འབུ་སུ་ཧང་གི་སོན་རྒྱུ་ཁག་5བདམས་ནས་བཏབས་པར་མྱུ་གུ་ཐོན་ཚད་75%དང་དགུན་སྒྲོལ་ཐུབ་ཚད་86%ཟིན་པ་མ་ཟད། ས་རྒྱུའི་སྐྱེ་ལྡན་དངོས་པོ་འདུས་ཚད་1.3%ཡན་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་བ་ཚྭར་འཕྲོད་པའི་གྲོ་ནག་སོན་རྒྱུའི་ཐོན་ཁུངས་ཁག་20ལྷག་ཙམ་དང་བ་ཚྭ་ཅན་གྱི་ས་ཞིང་ལ་འཚམ་པའི་གཟན་རྩྭའི་ཐོན་ཁུངས་ཁག་2བདམས་པ་དང་། འབྲེལ་ཡོད་རྣམ་གྲངས་དཔེ་སྟོན་མུའུ་2000ལྷག་ཙམ་ལ་ཁྱབ་སྤེལ་བཏང་བར་ཐོན་རྫས་རིན་ཐང་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད།

དུས་ཐུང་ལོ་བཞི་ལྔའི་ནང་། དེ་སྔའི་བུལ་དཀར་ཐོན་པའི་ས་ཆ་དག་ད་ཆ་སྔོ་ལྗང་ཅན་གྱི་རྩྭ་རར་གྱུར་པ་དང་། ས་ཆ་ཁག་གཅིག་ཁེ་ལས་ལ་བརྒྱུད་བཤུག་བྱས་པའི་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧའེ་གྲོང་རྡལ་ཐའོ་ཧ་གྲོང་ཚོའི་གྲོང་མིས་ད་དུང་གན་རྒྱའི་དུས་ཡུན་མུ་མཐུད་རིང་དུ་གཏོང་འདོད་ཡོད་པ་རེད། “ལོ་ལྟར་ས་ཞིང་བརྒྱུད་བཤུག་གི་ཡོང་འབབ་བརྟན་པོ་ཡོད་པ་དང་། ད་དུང་ཁྱིམ་གྱི་ལུག་ཁྱུར་དགུན་དུས་གཟན་རྩྭ་ཉོ་སྐབས་ཁེ་ལས་ཀྱིས་རིན་གོང་གཅོག་གི་ཡོད། འཚོ་བ་སྐྱིད་པོ་དེ་འདྲ་ཡུན་རིང་ཡོང་བར་ཤོག”ཅེས་ཐའོ་ཧ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཉི་མས་བཤད།

(བདེ་དབང་གིས་བསྒྱུར། ཚེ་ཁོས་ཞུས)