འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་11ཉིན།

༄༅།།རྒྱལ་ཡོངས་སུ་སྟོན་འབྲུ་རིམ་རྩིས་བརྒྱབ་ན་ཏུན་དུང་ཕྱུར་3ལྷག་ཙམ་ཉོ་སྒྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་11ཉིན། 10:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་དུས་ཚིགས་གསར་པའི་སྟོན་འབྲུ་རིམ་རྩིས་བརྒྱབ་ན་ཏུན་དུང་ཕྱུར་3ལྷག་ཙམ་ཉོ་སྒྲུབ་བྱས་པ་དེ་སྟོན་འབྲུའི་ཐོན་འབབ་ཀྱི་60%དང་མཚུངས་པ་དང་སྟོན་འབྲུ་ཉོ་སྒྲུབ་མང་ཤོས་ཀྱི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཡོད།

   སྟོན་འབྲུས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ཀྱི་བཅུ་ཆ་བདུན་ཡན་བཟུང་བ་དང་། གཙོ་བོ་ཆུ་འབྲས་དང་། ཨ་ཤོམ། སྲན་ཆེན་བཅས་ཚུད་ཡོད་ཅིང་། བྱང་ཤར་དང་། ཧོང་ཧོའེ་ཧའེ། འབྲི་ཆུའི་དབུས་སྨད་རྒྱུད། ལྷོ་ནུབ་ས་ཁུལ་སོགས་འབྲུ་རིགས་ཐོན་ཁུལ་གཙོ་བོ་13དུ་ཁྱབ་ཡོད། སྟོན་འབྲུ་ཉོ་སྒྲུབ་བྱེད་འགོ་ཚུགས་པ་ནས་བཟུང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་གསོག་ཉར་སྤྱི་འདོམས་བྱས་ནས་འབྲུ་རིགས་ཀྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་ལ་སླེབས་པར་སྐུལ་འདེད་བཏང་སྟེ། ཞིང་པས་བཏབ་པའི་འབྲུ་རིགས་འཚོང་ཐུབ་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཡོད།

    ཞིང་པའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་ཧེ་ལུང་ཅང་སོགས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་དུ་བར་སྨིན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་ཐོག་ནས་ཉོ་སྒྲུབ་བྱས་ཡོད། ཀྲུང་གོ་འབྲུ་རིགས་གྲབས་གསོག་དོ་དམ་ཀུང་སིས་ཉོ་སྒྲུབ་དྲ་ཚིགས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ཞིང་པའི་འབྲུ་འཚོང་བའི་དགོས་མཁོ་བསྐངས་ཡོད། བར་སྨིན་འབྲས་ཉོ་སྒྲུབ་མང་ཤོས་ཀྱི་ལས་དོན་དེ་ཟླ་2པའི་ཟླ་མཇུག་ཏུ་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་བ་དང་། ཏུན་དུང་ཕྱུར་1.05ཉོ་སྒྲུབ་བྱས་པའི་ནང་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་འབྲས་ཏུན་ཁྲི་711ཟིན་ནས་སྲིད་ཇུས་ཀྱི་ཐ་སྐྱོང་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཨ་ཤོམ་དང་སྲན་ཆེན་ཉོ་སྒྲུབ་མང་ཤོས་ཀྱི་དུས་ཚིགས་མཇུག་འགྲིལ་མཚམས་སུ་སླེབས་པ་དང་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1.9དང་ཏུན་ཁྲི་1000ལས་སོ་སོར་བརྒལ་བ་དེ་ནི་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་ཅུང་མཐོ་བའི་གྲས་སུ་སླེབས་ཡོད། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུས་འབྲུ་རིགས་གྲབས་གསོག་སིའི་སི་ཀྲང་ལུའོ་ཧྲོའུ་ཆོན་གྱིས་མིག་སྔར་ཁྲོམ་རའི་རིན་གོང་ཚང་མ་ན་ནིང་ཟླ་12པ་ལས་ཏུན་རེར་སྒོར་100ནས་སྒོར་200བར་འཕར་ཡོད། རྒྱལ་ནང་གི་ཨ་ཤོམ་དུས་བཅད་ཚོང་ཟོག་གི་རིན་གོང་སྤྱི་ཡོངས་ནས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། གན་རྒྱ་གཙོ་བོའི་རིན་གོང་ལོ་གོང་མ་ལས་ཏུན་རེར་སྒོར་200ཡས་མས་འཕར་ཡོད། ལས་སྣོན་ཞིབ་ཚགས་ཁེ་ལས་ལས་འགོ་འཛུགས་ཚད་ཉེ་བའི་ལོ་ཤས་རིང་གི་མཐོ་ཤོས་སུ་སླེབས་པ་དང་ཁྲོམ་རའི་ཉོ་འཚོང་གཉིས་ཀ་དར་རྒྱས་བྱུང་ཡོད་ཅེས་བརྗོད་པ་རེད།