གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་11ཉིན། 09:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གཏན་འཁེལ་བྱས་པའི་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12པའི་བར། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འཐུས་མིས་བཏོན་པའི་གྲོས་གཞི་ཁག་269འབྱོར་ཡོད། གཞན་ཡང་། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་མིག་སྔར་འཐུས་མིའི་གྲོས་འགོ་ཁག་8000ལྷག་ཙམ་འབྱོར་ཡོད་པ་རེད།
ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའོ་ཀྲེན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་ལ་འཐུས་མིས་བཏོན་པའི་གྲོས་གཞིའི་ནང་འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི་ཁག་26དང་འཐུས་མི་30ཡན་གྱིས་མཉམ་དུ་མཚན་རྟགས་བཀོད་ནས་བཏོན་པའི་གྲོས་གཞི་ཁག་243ཡོད། གྲོས་གཞི་དེ་དག་མང་ཆེ་བ་ནི་ཁྲིམས་ལུགས་ཀྱི་གྲོས་གཞི་ཡིན་ཞིང་། ཁྲིམས་འཛུགས་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཁག་268དང་ལྟ་སྐུལ་དང་འབྲེལ་བ་ཡོད་པའི་གྲོས་གཞི་1ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་འཐུས་མིའི་གྲོས་གཞིར་ཁྱད་ཆོས་གསུམ་མངོན་པ་སྟེ། གཅིག་ནི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གྲོས་གཞིའི་སྤུས་ཚད་ལ་དེ་བས་དོ་སྣང་བྱས་ཤིང་། སྤྱིའི་ཆ་ནས་བལྟས་ན། ད་ལོའི་འཐུས་མིའི་གྲོས་གཞིའི་གྲངས་འབོར་ན་ནིང་ལས་ཅུང་ཉུང་དུ་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། གཉིས་ནི་སྒྱུར་བཅོས་དང་ཁྲིམས་སྐྱོང་གཅིག་གྱུར་མཐའ་འཁྱོངས་བྱས་ནས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཚད་མཐོའི་དོ་ཁུར་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ཀྱི་གྲོས་གཞི་ཁྱོན་ཁག་205ཡོད་ཅིང་། དེས་གྲོས་གཞི་སྤྱིའི་བསྡོམས་འབོར་གྱི་76.2%བཟུང་ཡོད། གསུམ་ནི་ཏང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གྲོས་གཞི་ཁག་170ནང་བཏོན་པའི་ཁྲིམས་འཛུགས་རྣམ་གྲངས་དེ་སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ནང་བཅུག་པ་དེས་གྲོས་གཞི་སྤྱིའི་བསྡོམས་འབོར་གྱི་63.2%བཟུང་ཡོད།
ཀུའོ་ཀྲེན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིཌ་ན། འཐུས་མིས་བཏོན་པའི་གྲོས་གཞིར་དོ་ཁུར་ཅུང་གཅིག་སྡུད་ཆེ་བ་གཙོ་བོ་ནི། སྣ་མང་ཅན་གྱི་འཛད་སྤྱོད་བྱེད་རྣམ་གསར་གཏོད་བྱས་ནས་འཛད་སྤྱོད་དང་མ་འཇོག་ཟུང་འབྲེལ་དེ་བས་ལེགས་པར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྱི་སྒུལ་ཤུགས་གསར་གཏོད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། “མིས་བཟོས་རིག་ནུས་+”ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྦྱིན་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུ། རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་དམའ་དབྱིངས་དཔལ་འབྱོར་མ་ལག་འཛུགས་སྐྱོང་གང་མགྱོགས་བྱེད་རྒྱུ། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ། “ལོ་ལྔ་ཚན་བཅོ་ལྔ་པའི” འཆར་འགོད་བཟོ་འགོད་ལས་དོན་དང་ཟུང་འབྲེལ་བྱས་ནས་ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་ཁང་བདག་ཁོངས་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་རྒྱུ། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་རྒྱུ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། གནས་འཕྲོད་དང་། མཉེན་ལྡན། རིག་ལྡན་བཅས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུ། ཕྱོགས་བསྡུས་རྣམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་མ་ལག་བཙུགས་ནས། དཔལ་འབྱོར་སྤྱི་ཚོགས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་རྒྱུ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཞུགས་གང་ལེགས་ཐུབ་པ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། མི་དམངས་ཀྱི་བདེ་ཐང་གི་བདེ་རྩ་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལེགས་སུ་བཏང་ནས། གཞོན་ནུ་ལོ་ཆུང་ཕྱོགས་ཡོངས་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་རྒྱུ། འགལ་བ་དང་རྩོད་གཞིའི་འབྱུང་རྩ་འགོག་སེལ་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།