འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་11ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་11ཉིན། 09:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་། སྲིད་གྲོས་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་དང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཞུགས་ནས་གཏམ་བཤད་གསན་པ་རེད།

    ཨུ་ཡོན་ཀོ་ཧུའེ་ཅུན་གྱིས་གཏམ་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་མུ་མཐུད་ཤུགས་རྒྱག་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ནུས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཞིགས་ནས་སྲིད་གླེང་གྲོས་འདོན་བྱེད་ནུས། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་ནུས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མཐུན་ཆ་ཆེ་ཤོས་ཀྱི་ནུས་པ་བཅས་ཆེ་རུ་བཏང་སྟེ། བྱ་གཞག་རླབས་པོ་ཆེ་མཉམ་སྒྲུབ་དང་འོད་སྟོང་མཉམ་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཁྲེང་ཧུང་གིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཁྲིམས་བཞིན་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོ་སྣ་ཚོགས་དབར་འདྲ་མཉམ་འགྲན་རྩོད་ཡོང་བའི་འགན་སྲུང་བྱེད་པ། དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་ཕྱོགས་རིས་མེད་པར་རྒྱབ་སྐྱོར་བྱེད་པ། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་དོ་དམ་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱི་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་འདོན་གྱི་ཡིན་ཞེས་གསུངས་པ་རེད།

    ཨུ་ཡོན་ཐུའུ་ཧའེ་མིང་གིས་གཏམ་བཤད་གནང་སྐབས། ཉེ་བའི་ལོ་ཤས་རིང་། ཤང་ཀང་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་བ་ཚང་མས་མཐོང་གསལ་རེད། མེས་རྒྱལ་ནི་ནམ་ཡང་ཤང་ཀང་གི་རྒྱབ་རྟེན་བརྟན་པོ་ཞིག་ཡིན་པ་དོན་དངོས་ལས་སླར་ཡང་ར་འཕྲོད་ཐུབ་ཡོད། འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འགན་འཁྲི་གསར་པ་བསྒྲུབས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་གདེང་ཚོད་དང་རྒྱལ་ཁབ་ལ་མོས་སེམས་བྱེད་ཚད་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ། ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཁྲེན་ཅུན་གྱིས་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ནང་དོན་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན། ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་མཉམ་ལས་ལ་ལས་སྟེགས་བརྟན་པོ་དང་རྒྱ་ཆེན་པོ་ཧུར་ཐག་བསྐྲུན་ནས། ངོགས་གཉིས་ཀྱི་སྤུན་ཟླར་ངོགས་གཉིས་ཀྱི་ལོ་རྒྱུས་དང་། རིག་གནས། ཁྲག་རྒྱུད་བཅས་ལྷུན་གྲུབ་ཏུ་འབྲེལ་ཡོད་པ་ཟབ་མོ་ཚོར་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་དེ་བས་བརྟན་དུ་གཏོང་བ། མི་རིགས་ལ་མོས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་བ། སེམས་པ་གཅིག་མཐུན་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ལིའུ་ཡ་ཧོང་གིས་གཏམ་བཤད་གནང་སྐབས། ན་ནིང་ཟླ་12པར། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མ་ཨའོ་མོན་དུ་ཕེབས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་དང་གསོན་ཤུགས་ཆེན་པོར་རྒྱས་བཤད་གཏིང་ཟབ་གནང་སྟེ། ང་ཚོར་འབད་འཐབ་ཀྱི་གནས་ཚད་གསར་པ་བསྟན་ཡོད། དུས་རབས་གསར་པར་ཨའོ་མོན་གྱིས་འཕེལ་རྒྱས་ཀྱི་ངེས་གནས་ཁ་གསལ་བཟོ་བ་དང་། དཔལ་འབྱོར་འོས་འཚམ་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་མ་ལག་ལེགས་སུ་གཏོང་བ། ལམ་ལུགས་དང་། དཔལ་འབྱོར་ཚོང་དོན། ཤེས་ལྡན་པ་སོགས་ཀྱི་ལས་སྟེགས་ཡག་པོ་སྐྲུན་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐར་ཁུང་གཏོད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དྲིལ་བསྒྲགས་དང་ངོ་སྤྲོད་བཅས་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་བྱས་རྗེས་རླབས་པོ་ཆེ་གསར་པ་མུ་མཐུད་འཇོག་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཉེ་ཤིན་གྱིས་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རིགས་ཁོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ནང་དོན་དང་རྣམ་པ་གསར་གཏོད་བྱེད་དགོས། ཚད་ལྡན་གྱི་དཔེ་མཚོན་དཔྱད་གཞི་གང་ལེགས་སྤྱད་དེ། གློག་བརྙན་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན། དངོས་མཚོན་པར་གཞི། བརྙན་ཐུང་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ནང་འདུས་པའི་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་བསམ་བློ་དང་གཏིང་ཟབ་པའི་ཆབ་སྲིད་ཀྱི་བློ་གྲོས་བསྡུ་ལེན་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་འདོན་གྱི་ཡིན་ཞེས་གསུངས་པ་རེད།

    ཨུ་ཡོན་སུན་ཡེ་ལི་ཡིས་གཏམ་བཤད་གནང་སྐབས། རིག་གནས་ཐོན་རྫས་དང་རིག་རྩལ་བརྩམས་ཆོས་ཀྱིས་དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་གནས་ལུགས་གསལ་པོར་བརྗོད་དེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བྱེད་པོའི་རང་བཞིན་དར་སྤེལ་ཤུགས་ཆེན་བཏང་ནས། མི་རིགས་ཁག་མི་སེམས་གཅིག་སྒྲིལ་དང་བློ་གཏད་བཅོལ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བའི་རིག་གནས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྒྱུ་རྩལ་ཅན་དང་སྣང་བརྙན་ཅན་ལ་འགྱུར་དགོས། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་རམ་འདེགས་བྱེད་རིང་གི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་གང་ལེགས་བཏོན་ཏེ། ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐོག་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་བྱེད་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཀྲང་ཀོང་ཧན་གྱིས་གཏམ་བཤད་གནང་སྐབས། རིག་གནས་ཤུལ་བཞག་ལ་འོད་སྟོང་འབར་བའི་ཤེས་དཔལ་འདུས་པ་དང་། ལོ་རྒྱུས་རིག་གནས་རྒྱུན་འཛིན་ཐུབ་པ། མི་རིགས་ཀྱི་སྙིང་སྟོབས་རྒྱུན་སྲིང་བ་བཅས་ཀྱི་ནུས་པ་ལྡན་པས། འདི་ནི་བསྐྱར་སྐྱེ་མི་ཐུབ་པ་དང་ཚབ་བྱེད་ཐབས་བྲལ་བའི་ཐོན་ཁུངས་རྩ་ཆེན་ཞིག་རེད། རིག་གནས་ཤུལ་བཞག་སྲུང་སྐྱོང་ཆེན་པོའི་རྣམ་པ་གང་མགྱོགས་གཏོད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་འདོམས་བྱེད་ཐབས་གསར་གཏོད། དམངས་ཡོངས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རིག་གནས་ཤུལ་བཞག་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་དང་གཅིག་གྱུར་ལྟ་འདོམས་བྱེད་པར་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་དང་། རྒྱབ་སྐྱོར་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ཏུའུ་ཀྲན་ཡོན་གྱིས་གཏམ་བཤད་གནང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་ངོ་སྤྲོད་རྒྱ་ཁྱབ་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཀྲུང་ཕྱིའི་མི་ཆོས་རིག་གནས་སྤེལ་རེས་ལ་རྒྱབ་སྐྱོར། ཚན་རྩལ་གྱི་ནུས་པར་བརྟེན་ནས་རྒྱལ་སྤྱིའི་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་དང་འཚམ་པའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།