འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་10ཉིན།

༄༅།།བཅིངས་འགྲོལ་དམག་ནི་ཐའེ་ཝན་གཅིག་གྱུར་བྱེད་པ་པོ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་10ཉིན། 14:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   གོང་ཚེས་ཉིན་(ཟླ་3ཚེས་9ཉིན་)རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་པ་རེད། གསར་འགོད་པ་ཞིག་གིས་ཐའེ་དབན་གྱི་འབྲེལ་ཡོད་གནད་དོན་སྐོར་དྲིས།

    ཝུའུ་ཆན་གྱིས། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཡོངས་ཁྱབ་པའི་ངོས་འཛིན་གཅིག་མཐུན་ཞིག་ཡིན། 1945ལོར་ཐའེ་ཝན་ཀྲུང་གོའི་མངའ་ཁོངས་སུ་ལོག་པ་ནི་ཀྲུང་གོ་མི་དམངས་ཀྱིས་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་འབྲས་ཡིན་ལ། ཁས་མི་ལེན་པ་བྱེད་མི་རུང་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཀྱང་ཡིན། དུས་ཡུན་ངེས་ཅན་ཞིག་གི་རིང་ལ། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་“ཐའེ་ཝན་རང་བཙན་”གྱི་ཁ་བྲལ་འཁྲུག་པ་ཇེ་ཆེར་བསླངས་ཏེ། “ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་”དང་། “དྲག་ཤུགས་ལ་བརྟེན་ནས་གཅིག་གྱུར་དང་ལེན་མི་བྱེད་པའི་”རེ་ངན་བཅངས་པས། ངོགས་གཉིས་ཀྱི་སྤུན་ཟླ་ཐུན་མོང་དུ་བདེན་པའི་ཁོང་ཁྲོ་བསླངས་པས། ལོ་རྒྱུས་དང་དྲང་བདེན་གཙང་རྩིས་རྒྱག་ངེས་རེད།

     ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ནས་ཐེ་གཏོགས་སྤུ་ཙམ་བྱས་མི་ཆོག ཨ་རིས་བཟོས་པའི་མཚོན་ཆ་འགའ་ཡིས་“ཐའེ་ཝན་རང་བཙན་”རྩ་མེད་དུ་འགྲོ་བའི་ལས་དབང་བསྒྱུར་མི་ཐུབ། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་མི་སེར་གྱིས་རྔུལ་ཁྲག་བཏོན་ནས་བསགས་པའི་དངུལ་ཁྱེར་ནས་“ཕྱི་རྒྱལ་གྱི་བདག་པོའི་”ས་ནས་མཚོན་ཆ་ཉོ་བ་ནི་རྟ་ལམ་གྲོག་མས་འགོག་པ་ཙམ་ཡིན་པས་ཡོང་རྒྱུ་ཅི་ཡང་མེད།

    མེས་རྒྱལ་གཅིག་གྱུར་ཡོང་ངེས་རེད། དེ་ནི་དུས་བབ་ཆེན་པོའི་ཁ་ཕྱོགས་དང་བདེན་པའི་གནད་ཡིན་ཞིང་། སྟོབས་ཤུགས་ཀྱི་དབང་གིས་ཡིན་ལ་དམངས་སེམས་ཀྱི་འདོད་ཕྱོགས་ཀྱང་ཡིན། བཅིངས་འགྲོལ་དམག་ནི་སྔ་ཕྱི་བར་གསུམ་དུ་“རང་བཙན་”ལ་རྡུང་རྡུང་ཐོག་ནས་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་ཁག་ཅིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་གླིང་ཕྲན་བསྐོར་ནས་སྐོར་སྐྱོད་བྱེད་པ་དང་དམག་དོན་གྱི་འཇིགས་སྐུལ་གནོན་ཤུགས་དེ་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། “ཐའེ་ཝན་རང་བཙན་”མཁན་གྱིས་ཟིང་ཆ་ཇི་ཙམ་ཆེན་པོ་བསླངས་པ་ན། སྐེའི་སྟེང་གི་ཞགས་པ་དེ་ཙམ་གྱིས་དམ་དུ་འགྲོ་བ་དང་། མགོ་སྟེང་གི་གྲི་རྣོན་པོ་དེ་དེ་ཙམ་གྱིས་རྣོན་རུ་འགྲོ་ངེས་རེད། ང་ཚོས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ལ། རྟ་ཁ་གཡང་ནས་གཅུས་ན་བགྲོད་ལམ་ཡོང་། ཨུ་ཚུགས་མཐའ་སྐྱེལ་བྱས་ན་ཤི་རྒྱུ་ལས་མེད་ཅེས་བཤད།