གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 13:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་འཐུས་མི་བཀྲ་ཤིས་ཉི་མས་གློག་གི་བདེ་འཇགས་ཡོ་ཆས་ལ་ཞིབ་བཤེར་གནང་བཞིན་པ།
བཀྲ་ཤིས་ཉི་མ་ནི་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིའི་རིམ་པ་བཞི་པའི་ལས་མི་ཞིག་ཡིན་ཞིང་། གློག་ཤུགས་ལས་ཀ་བྱས་ནས་ད་བར་ལོ་30ལྷག་ཙམ་སོང་རིང་། ཁོང“བོད་ལྗོངས་ཀྱི་བཟོ་བོ”དང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་ངལ་རྩོལ་དཔེ་བཟང་བ་སོགས་ལ་སྔ་རྗེས་སུ་བདམས་ཐོན་བྱུང་ཡོད་ལ། 2023ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིར་ཡང་བདམས་པ་རེད།
“ལས་དོན་བསྒྲུབས་པ་དེས་ངའི་མཐོང་རྒྱ་ཆེ་རུ་ཕྱིན་སོང་ལ་བསམ་རྒྱའང་ཆེ་རུ་ཕྱིན་ནས་ཕན་པ་ཆེན་པོ་ཐོབ་བྱུང”ཞེས་བཀྲ་ཤིས་ཉི་མས་གསར་འགོད་པར་བཤད་བྱུང་། ན་ནིང་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་སྐབས། ཁོང་གིས“བོད་ཀྱི་གློག་དྲ་གཙོ་བོ་དང་གློག་དྲ་ཆུང་ངུ་གཉིས་ཀ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”བཏོན་ནས་ཕྱོགས་ཁག་གི་འབད་བརྩོན་ལ་བརྟེན་ཏེ་བོད་ཀྱི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་ཡོང་རེ་གནང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་བཀྲ་ཤིས་ཉི་མས་དམངས་ཀྱི་རེ་འབོད་ལ་ཉན་པ་དང་། དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ། དམངས་ཀྱི་འདོད་ཚུལ་ཤེས་རྟོགས་བཅས་གནང་ནས་དམངས་ཀྱི་སེམས་ཁྲལ་སེལ་བར་བྱས་ཤིང་། 2024ལོའི་ཟླ་དགུ་པར་བཀྲ་ཤིས་ཉི་མས་རྒྱུན་གཏན་གྱི་འཚམས་འདྲི་བརྟག་ཞིབ་གནང་རིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གྱང་ཉལ་གྲོང་ཚོར་དམའ་གནོན་གློག་སྐུད་རྙིང་པ་ཆགས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ལྷ་སར་ཕེབས་ནས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིར་རང་ཉིད་ཀྱི་སྒྱུར་བཀོད་ཇུས་གཞི་དང་གྲོས་འགོ་བཏོན་ནས་ཀུང་སིའི་གུང་ཁྲན་ཏང་ཡོན་གྱི་ཞབས་ཞུའི་རུ་ཁག་ལ་འབོད་སྐུལ་གནང་སྟེ་སྙེ་མོ་རྫོང་གྱང་ཉལ་གྲོང་ཚོའི་དུད་ཚང་172ཀྱི་དམའ་གནོན་གློག་སྐུད་རྙིང་པ་སྒྱུར་བཀོད་བྱས་པས་མང་ཚོགས་ལ་བདེ་འཇགས་ལྡན་པའི་གློག་བརྟན་པོ་ཞིག་གཏོང་ཐུབ་པ་བྱུང་ཡོད།
ཁོང་གིས“རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ངས་མུ་མཐུད་བརྟག་ཞིབ་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་སྙིང་གཏམ་མང་ཙམ་ཉན་པ་དང་། མི་དམངས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་ཐོག་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ཀྱི་ཡིག་ཆར་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་གློག་ཤུགས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་གིས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ‘གློག་སྤྱོད་ཐུབ་པ’ནས‘གློག་ཡག་པོ་སྤྱོད་པའི’བར་གྱི་འགྱུར་ལྡོག་ཡོང་བར་བྱེད་ཀྱི་ཡིན”ཞེས་གསུངས།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)