གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 13:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
“སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོའི་སྟོན་ཕྱོགས་ཤུགས་ཆེར་གཏོང་དགོས”ཞེས་པའི་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་གླེང་ཚུལ་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
སྤྱི་ཁོག་སྲིད་ཇུས་ནི་དཔལ་འབྱོར་བརྟན་པོ་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། སྲིད་ཇུས་ཀྱི་ཁ་ཕྱོགས་ཁྲོད་དམངས་འཚོའི་སྟོན་ཕྱོགས་ཤུགས་ཆེ་རུ་གཏོང་བར་དོན་སྙིང་ཟབ་མོ་གང་ཞིག་ལྡན་ནམ།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམངས་འཚོ་ནི་གལ་ཆེ་ཤོས་རེད”རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ནས་མང་ཚོགས་ཀྱིས་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་ཀྱི་ཁྱབ་ཁོངས་ལ་རེ་སྒུག་ཇེ་ཆེར་འགྲོ་བཞིན་ཡོད། རྒྱབ་ལྗོངས་དེའི་འོག“སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོའི་སྟོན་ཕྱོགས་ཤུགས་ཆེར་གཏོང་དགོས་པ”དེ་སྲིད་ཇུས་གཏན་འབེབས་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཏུ་གྱུར་ཡོད།
“ད་ལོ་དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དེ་བས་མང་བ་ཞིག་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་འགྱུར་རྒྱུ་ཡིན་པས། མིག་སྔའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་འཚམ་པ་དང་དེ་བས་དམིགས་སའི་རང་བཞིན་ལྡན་ཡོད”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆིང་ཧྭ་སློབ་ཆེན་ཝུའུ་ཏའོ་ཁོའུ་དངུལ་རྩའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཐེན་ཞོན་གྱིས། དུས་བབ་གསར་པའི་འོག་ལས་ཞུགས་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་དང་། གྲོང་མིའི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་གཏོང་ལ་སྐུལ་འདེད། འཛད་སྤྱོད་ལ་ལྕག་སྐུལ་བྱེད་ཤུགས་ཆེར་གཏོང་བཅས་བྱས་པ་དེས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་འཁོར་རྒྱུག་བཟང་པོ་ཆགས་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “འཛད་སྤྱོད་ཆེར་སྐྱེད་ལ་བརྟེན་ནས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་བྱེད་པ་དང་། འཛད་སྤྱོད་རིམ་སྤོར་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཁྲོད་དཔལ་འབྱོར་གྱི་འཕར་གཞི་གསར་པ་གཏོད་དགོས”ཞེས་བཏོན་ཡོད།
དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས་འཛད་རྫས་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱེད་པ་དང་། བྱ་ཐབས་མང་པོར་བརྟེན་ནས་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་བཏང་སྟེ་ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིར་འབབ་འཕར་ཡོང་བ་དང་ཁུར་པོ་ཡང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། བདེ་ཐང་དང་། རྒན་གསོ། བུ་བཅོལ། ཁྱིམ་ལས་སོགས་སྣ་མང་ཅན་གྱི་ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་དགོས་པ་སོགས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་བྱ་ཐབས་རབ་དང་རིམ་པ་བཀོད་སྒྲིག་བྱེད་སྐབས། དགོས་མཁོ་སྐོང་བ་དང་མཁོ་སྤྲོད་རིམ་སྤོར་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱེད་དགོས།
འཐུས་མི་དང་ཨུ་ཡོན་མི་ཉུང་བ་ཞིག་གིས་ད་ལོའི་སྙན་སྒྲོན་ནང་བཏོན་པའི“མ་དངུལ་གྱི་ཐོན་ཁུངས་དེ་བས་མང་བ‘མིར་སྤྱོད་པ’དང་དམངས་འཚོར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས”ཞེས་པར་དོ་སྣང་བྱུང་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཅིན་ལི་ཡིས། མ་དངུལ་གྱི་ཐོན་ཁུངས་དེ་བས་མང་བ“མིར་སྤྱོད་པ”དེ་ཐོག་ནས་མ་དངུལ་དེ་ཕན་འབྲས་དེ་བས་ཆེ་བའི་མ་འཇོག་ཏུ་གཏོང་བ་དང་། ལྷག་པར་དུ་སློབ་གསོ་དང་། སྨན་བཅོས། རྒན་གསོ་བཅས་དམངས་འཚོ་ཆེན་པོ་གསུམ་གྱི་ཁྱབ་ཁོངས་ཀྱི་ཞན་ཆར་དམིགས་པ་དེས་དམངས་ཕན་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་དམངས་ཕན་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་ཅེས་གསུངས།
བདེ་འཇགས་དང་། སྐྱིད་སྣང་། ལྗང་མདོག བློ་གྲོས་བཅས་ལྡན་པའི“ཁང་བཟང”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་སྐོང་དགོས་ངེས་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་དང་སྤུས་ཚད་མཐོ་བའི་སྡོད་ཁང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་། རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟའི་རྣམ་གྲངས་ལ་སྔར་བས་རྒྱབ་སྐྱོར་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྐབས་བསྟུན་ལས་ཞུགས་མི་སྣ་དང་། ཞིང་པ་ལས་མི། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་ཤོར་དང་། ལས་རྨས། བུ་བཙའི་འགན་བཅོལ་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས།
ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་བལྟས་ཚེ། དམངས་འཚོའི་དགོས་མཁོར་དམ་པོར་དམིགས་པ་སྔར་བས་ཤེས་ཐུབ།
མངོན་གསལ་དོད་པོར་བཞག་པའི་དམངས་འཚོའི་སྟོན་ཕྱོགས་ཀྱི་སྤྱི་ཁོག་སྲིད་ཇུས་དེ་དོན་འཁྱོལ་ནུས་ལྡན་ཇི་ལྟར་བྱེད་དགོས་སམ།
“སྲིད་དོན་ལས་རྗེས་ལྟ་བར་འགྱུར་ལྡོག་གཏོང་དགོས་པ་ལས‘ཕན་འབྲས་མགྱོགས་པོ’ཐོན་རྒྱུ་ཁོ་ནར་བརྩོན་ལེན་བྱེད་མི་རུང་། དམངས་འཚོའི་རྣམ་གྲངས་ལ་དུས་ཐུང་ངང་ཕན་འབྲས་མགྱོགས་པོ་མ་ཐོན་ནའང་ཡུན་རིང་དུ་ཕན་འབྲས་ཐོན་ན་ལག་ལེན་བསྟར་རིན་ཡོད་པ་ཞིག་རེད”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཧྲེ་ཀྲང་ཝང་ཤིན་ཡུས་ཀྱིས། ས་གནས་སྲིད་གཞུང་གིས་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་དམངས་འཚོའི་གཏོང་སྒོ་རྒྱ་ཆེར་གཏོང་བ་དང་། གྲོང་མིའི་སྐོང་དགོས་ངེས་ཀྱི་གཏོང་སྤྲོད་ཀྱི་ཁུར་པོ་ཡང་དུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཁྲོད་དཔལ་འབྱོར་གྱི་འཕར་ཚད་གསར་པ་གཏོད་པ་བཅས་བྱས་ཏེ་སྐྱོན་བྲལ་དང་། ནུས་ཆེ། ནུས་ལྡན་བཅས་ཀྱི་སྒོ་ནས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་གསུངས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང)
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)