གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 10:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཡིས་ཁོང་གནས་སའི་མཚོ་སྔོན་གྱི་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་གྲོས་ཞིབ་གནང་བ་རེད།
ཝུའུ་ཞའོ་ཅུན་དང་། རིན་ཆེན་བཀྲ་ཤིས། པི་ཧྲེང་ལུང་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཚའེ་ཆིས་བསམ་འཆར་ནན་ཏན་གསན་བཞིན་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཚའེ་ཆི་ཡིས། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གང་ལེགས་མངོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མངོན་ནས་ཡིད་ཆེས་འཕེལ་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པས། སྙན་སྒྲོན་འདིར་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་ཡིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་གཅིག་འདོམས་དང་བབ་བརླིང་སྟབས་བསྟུན་གནང་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞུམ་མེད་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་པར་སྒྲུབ་པ་བཅས་བྱས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། གྲུབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཀྱིས་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།
ཚའེ་ཆི་ཡིས་གསུངས་དོན། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་འོག་དེ་བས་རང་རྟོགས་ངང་བྱ་སྤྱོད་སྤེལ་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་མཐོང་བ། རང་རེའི་ལམ་ལུགས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ནུས་ཕྱོད་མཐོང་བ། འབད་འབུངས་ཧུར་ལེན་གྱི་སྙིང་སྟོབས་ལ་བརྟེན་པ། རང་ཉིད་ཀྱི་བྱ་བ་ཏན་ཏན་ཏིག་ཏིག་ངང་ཡག་པོ་སྒྲུབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཡག་པོ་བསྡུ་བའི་འགན་ལེན་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་རེ་རེ་བཞིན་སྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་འཕར་བར་སྐུལ་འདེད་གཏོང་དགོས། འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཡག་པོ་བཟོ་དགོས།
ཚའེ་ཆི་ཡིས་འདས་ཟིན་པའི་ལོ་གཅིག་རིང་མཚོ་སྔོན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གནང་བ་དང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྣམ་པ་གསར་པ་དང་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་རྒྱུའི་རེ་བ་ཡོད། འཐབ་ཇུས་ཀྱི་ངེས་གནས་བརྟན་སྲུང་བྱེད་རིང་། འཕེལ་རྒྱས་དེ་བས་མྱུར་བ་ཡོང་བར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ཏེ་སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་ཐོན་པ་བྱེད་དགོས། རང་སོ་སོའི་ཁྱད་ཆོས་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཆོས་དང་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ་དང་། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱས་ཏེ་དེང་རབས་ཅན་གྱི་ཁྱད་ལྡན་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་དགོས། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་སེམས་ལ་ཟུག་པའི་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་གཏིང་ཟབ་བསྟར་ནས་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་མཐོང་ཆེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་ཚོགས་སྤྱི་ཁག་མཐུན་སྒྲིལ་གོང་བུ་གཅིག་སྒྲིལ་དང་ཞབས་ཞུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཏང་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།