འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་9ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

ཝང་ཧུའུ་ཉིང་ཕེབས་པ། སྲིད་གྲོས་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་09ཉིན། 10:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཤིང་། སྲིད་གྲོས་ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།

    ཨུ་ཡོན་ཝང་གོ་ཧྲེང་གིས་གཏམ་བཤད་གནང་སྐབས“ངེས་པར་དུ་སྤྱི་འདོམས་བྱེད་པ་ལྔ”ཡི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་གྱི་ལག་ལེན་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་བ་ལས་གྲུབ་པའི་རྩ་ཆེའི་ཉམས་མྱོང་གཅིག་སྡུད་ཐོག་མཚོན་ཡོད། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ“ངེས་པར་དུ་གཅིག་འདོམས་བྱེད་པ་ལྔ”ལ་གོ་བ་གཏིང་ཟབ་ལེན་པ་དང་བེད་སྤྱོད་བྱེད་པ་དང་། དེ་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་བསྟར། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད། ཐོན་ཁུངས་ཕན་ཆེའི་ངང་བེད་སྤྱོད་དང་ལུགས་མཐུན་ངང་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

     ཨུ་ཡོན་སུན་ཏུང་ཧྲེང་གིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཏམ་བཤད་གནང་སྐབས་མི་ཐབས་རིག་ནུས་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། མི་ཐབས་རིག་ནུས་འཕེལ་རྒྱས་ལ་འཚམ་པའི་སྤུས་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མ་ལག་གཏོད་པ། “མི་ཐབས་རིག་ནུས+”ཡི་ཐོན་ལས་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཕྱོགས་མང་གཉིས་ཕན་གྱི“མི་ཐབས་རིག་ནུས+”ཡི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ལི་ཞའོ་ཕེང་གིས་གཏམ་བཤད་གནང་སྐབས་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་རྒྱུན་མཐུད་ངང་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་པར་དེ་བས་ལེགས་པའི་སྐུལ་འདེད་གཏོང་བ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཕུགས་ཕན་ལམ་སྲོལ་དང་གོ་ཆོད་ལམ་ལུགས་བཀོད་སྒྲིག་བྱས་ནས་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལེགས་པར་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཨུ་ཡོན་ལི་ཧྲུའུ་ཧྥུའུ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས་སྒུལ་ནུས་གསར་རྙིང་བརྗེ་བའི་བརྒྱུད་རིམ་ཁྲོད་དམངས་གཉེར་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔར་བས་ཞིབ་ཚགས་དང་བརྟན་དུ་གཏོང་བ་དང་། མེད་པ་ནས་ཡོད་པའི་བར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་ལྕག་བྱེད་པ། ཁེ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རྒྱབ་སྐྱོར། ལྗང་མདོག་ཐོན་ལས་འཁོར་འབྲེལ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། བཟོ་སྐྲུན་ལས་རིགས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ཝང་ཞའོ་ཏུང་གིས་གཏམ་བཤད་གནང་ནས་རྫོང་ཁོངས་ཀྱིས་གྲོང་ཁྱེར་འབྲེལ་མཐུད་དང་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅེས་གསུངས་པ་དང་རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་ཆུ་ཚད་མཐོ་བའི་མཉམ་འདྲེས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་བརྗེ་རེས་དང་སྤྱི་པའི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དང་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་མཐུན་སྦྱོར་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་སྤེལ་རེས་དང་། མཉམ་འདྲེས། རྒྱུན་འཛིན་བཅས་ལ་སྐུལ་འདེད་བཏང་ནས། རྫོང་ཁོངས་འཇུག་སྒོ་གལ་ཆེན་ཞིག་ཏུ་བརྩིས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ཀྲང་ཁྲུན་ཧྲེང་གིས་གཏམ་བཤད་གནང་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་མི་འབོར་ན་རྒན་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ཅེས་གསུངས་པ་དང་། རྒན་རྒོན་ལ་འཚམ་པའི་ཞབས་ཞུའི་ཐོན་རྫས་གཏོད་པ་དང་། རྒན་རྒོན་གྱི་ཞབས་ཞུའི་ཉམས་ལེན་ལེགས་སུ་གཏོང་བ། དབུ་དཀར་འཛད་སྤྱོད་ཀྱི་ནང་སྐྱེས་འགུལ་ནུས་འཕེལ་བ། ན་རྒས་ཀྱི་ལྟ་བ་དར་སྤེལ་ཧུར་ཐག་གཏོང་བ། དབུ་དཀར་དཔལ་འབྱོར་གྱི་ཁྲོམ་རའི་གསོན་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་གྱི་འཛད་སྤྱོད་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་རྒན་རྒོན་གྱི་བདེ་རྩ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ཧོ་ཀྲི་མེན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཏམ་བཤད་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ། སློབ་གསོའི་རིགས་ཁོངས་བཅས་ཀྱི་ཨུ་ཡོན་རྣམས་ལ་གཟིགས་སྐབས་སློབ་གསོས་ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་པའི་སློབ་གསོའི་ནུས་པར་ཤུགས་སྣོན་བརྒྱབ་སྟེ། ཤེས་ལྡན་པ་འབོར་ཆེན་ཐོན་པ་དང་། མི་ཚང་མས་ནུས་པ་གང་ཡོད་འདོན་པ་དང་། ཤེས་ལྡན་པ་གང་ལེགས་སྤྱོད་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་སྔར་བས་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པས། ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། ངར་ཤུགས་ཀྱང་ཆེ་རུ་ཕྱིན་སོང་ཞེས་གསུངས་པ་དང་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ལམ་ལུགས་ཇུས་འགོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཤེས་བྱར་བརྩི་འཇོག་དང་། སློབ་གསོར་མཐོང་ཆེན། དགེ་རྒན་ལ་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ནུས་ལྡན་ངང་བཏོད་དེ་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ཝང་ཅུན་གྱིས་གཏམ་བཤད་གནང་ནས་རྒྱལ་ཁབ་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་རྒྱུ་ནི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་ཆེར་གཏོང་བ་དང་ཁུལ་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད་ཅེས་གསུངས་པ་དང་རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་ཕྱོགས་ཀྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཚན་རིག་དང་མཐུན་ཞིང་ལས་ཕྱོད་ཆེ་བའི་དོ་དམ་ལམ་སྲོལ་ཞིབ་འཇུག་བྱས་ནས་བཟོ་བ། ཐབས་མང་མཉམ་སྤྱོད་ཀྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་གསབ་པ། ཐུན་མོང་ཐོག་རྫོང་ཁོངས་ཀྱི་བདེ་ཐང་འགོག་སྲུང་བརྟན་དུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ཅའོ་ཧུང་གིས་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཏམ་བཤད་གནང་ནས་མི་འབོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་དང་འབྲེལ་བ་ཡོད་ཅེས་གསུངས་པ་དང་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། མཁོ་སྤྲོད་ཕྱོགས་གཉིས་ནས་ཤུགས་རྒྱག་པ་དང་བྱ་གཞག་ཐོན་ལས་ཀྱི་སྒུལ་ཤུགས་གཉིས་ཀྱིས་སྐུལ་འདེད་གཏོང་བ་བརྒྱུད་མི་འབོར་ན་རྒན་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་མི་འབོར་གྱི་གྲུབ་ཆ་དང་སྤུས་ཚད་འགྱུར་ལྡོག་སྤྱི་འདོམས་བྱས་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

     ཨུ་ཡོན་ཝུའུ་ཨའེ་ཆུན་གྱིས་གཏམ་བཤད་གནང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གྲོང་ཁྱེར་ཤིན་ཏུ་ཆེ་བ་དང་དམིགས་བསལ་ཆེ་བའི་གནས་བབ་དང་ནུས་པ་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་དང་གྲོང་ཁྱེར་ཤིན་ཏུ་ཆེ་བ་དང་དམིགས་བསལ་ཆེ་བའི་སྤྱི་པའི་བདེ་འཇགས་མཐའ་གཅིག་ཏུ་སྲུང་བ་དང་། མི་འབོར་དོ་དམ་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་འགྲིམ་འགྲུལ་འགག་པའི་དཀའ་གནད་སེལ་བ། ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། གྲངས་འཛིན་ཅན་དང་། རིག་ནུས་ཅན། བློ་གྲོས་ཅན་བཅས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་ཁྱེར་ཤིན་ཏུ་ཆེ་བ་དང་དམིགས་བསལ་ཆེ་བའི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།