གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་08ཉིན། 14:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། “གཞི་རིམ་གྱི་སྨན་བཅོས་ནི་ནད་གཞི་གསོ་བཅོས་ཙམ་མིན་པར་དེ་བས་ནད་པར་ཁ་ཞེ་གཉིས་མེད་བྱེད་དགོས། གྲོང་གསེབ་ཀྱི་སྨན་པའི་ལས་ཀ་དཀའ་ལས་ཁག་པོ་ཡིན་པས། ད་ཆ་ང་རང་ལ‘རྒྱུན་འཛིན་མཁན་མེད་པའི’སེམས་ཁྲལ་ཆེན་པོ་འདུག”
ཚེས་6ཉིན་གྱི་སྔ་དྲོར། ཧའེ་ནན་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་བྱ་ཡུལ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧའེ་ནན་ཞིང་ཆེན་པའེ་ཧྲ་ལི་རིགས་རང་སྐྱོང་རྫོང་སྨན་བཅོས་ཚོགས་པ་ཡ་ཁྲ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝེ་ཞའོ་ལིས་ཁོང་གི་སེམས་ཁྲལ་གསུངས་པ་དང་འབྲེལ་གྲོས་འགོ་ཡང་བཏོན་གནང་བ་རེད།
གཞི་རིམ་གྱི་གྲོང་ཚོའི་སྨན་པར་ཕྱོགས་པའི་གསོ་སྦྱོང་འཆར་གཞི་དེ་ཡུལ་བབ་དང་བསྟུན་ནས་སྒྲིག་ཆས་ཀྱི་ཆ་རྐྱེན་ཡག་པོ་མེད་པའི་གནས་ཚུལ་འོག་ནད་གཞིར་བརྟག་དཔྱད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། སྲིད་ཇུས་ལ་བརྟེན་ནས་གཞི་རིམ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་གྲོང་གསེབ་ས་ཁུལ་ལ་རྒྱབ་སྐྱོར་དེ་བས་ལྷག་པ་བྱས་ཏེ། ན་གཞོན་ཤེས་ལྡན་སྨན་བཅོས་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱ་རྒྱུར་རོགས་རམ་བྱེད་དགོས་པ། གྲོང་ཚོའི་སྨན་པའི་ཕན་བདེའི་འགན་ལེན་ཐོབ་ཐང་མཐོ་རུ་ཏན་ཏིག་གཏོང་བའི་འགག་རྩ་ནི་སྨན་པ་དེ་བས་མང་བ་གྲོང་གསེབ་ཏུ་ཡོང་འདོད་བྱེད་པ་དང་གཞིས་ཆགས་འདོད་ཡོད་པ་བྱེད་དགོས།
“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་འབྲེལ་ཡོད་གནད་དོན་ལ་བཀོད་སྒྲིག་བྱས་ཡོད་པས། དེའི་ཐད་ང་རང་ལ་མྱོང་ཚོར་ཟབ་མོ་བྱུང་། གཤམ་སྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། གོ་ཆོད་པ་བཅས་ཀྱི་གྲོང་གསེབ་ཀྱི་སྨན་པ་དེ་བས་མང་པོ་གསོ་སྐྱོང་བྱེད་པའི་རེ་བ་ཡོད”ཅེས་ཝེ་ཞའོ་ལིས་སེམས་འགུལ་ཐེབས་བཞིན་གསུངས་པ་རེད།
ཚོགས་འདུ་ཟུར་ཉན་གནང་བཞིན་པའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལེ་ཧའེ་ཁྲའོ་ཡིས་འཐུས་མིས་བཏོན་པའི་གྲོས་འགོ་ཚང་མར་ལན་བསྐྱོན་པ་རེད།
“མི་སེར་ཉེ་འགྲམ་གྱི་ཆེས་རྨང་གཞིའི་རིམ་དབྱེ་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས” “སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་ཀྱི་འགག་རྩ་ནི་མི་དམངས་མང་ཚོགས་ཉེ་འགྲམ་གྱི་དོན་དག་ཐག་གཅོད་བྱ་རྒྱུར་ཐུག་ཡོད་ལ། འདི་ཡང་ང་ཚོས་ཞིབ་འཇུག་དང་སྐུལ་འདེད་གཏོང་བཞིན་པའི་གཙོ་གནད་ཁ་ཕྱོགས་ཡིན” ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་འདུ་འགོད་ཀྱི་ཇུས་གཞི་བཟོ་བའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཧའེ་ནན་གྱིས་ཞིང་ཆེན་ཁོངས་གཏོགས་ཀྱི་རིམ་གསུམ་གཞུང་བཙུགས་སྨན་ཁང་གི་སྨན་པ་གྲོང་ཁྱེར་དང་རྫོང་གི་གཞི་རིམ་སྨན་ཁང་ལ་རོགས་སྐྱོར་བྱེད་པར་སྐྱོད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས། ཞིང་ཆེན་གྱི་ཕུལ་བྱུང་རིགས་གཅིག་མཁས་ཅན་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་སྒྲིག་གཞིར་ནད་བརྟག་སྨན་བཅོས་བྱེད་པར་མངགས་ཡོད། གཞན་ཡང་། 5Gརྒྱང་བསྟེན་ནད་དཔྱད་མ་ལག་ལ་བརྟེན་ནས་ཡུལ་མི་ཚོར་ཁྱིམ་གྱི་སྒོ་རྩ་ནས་སྨན་པ་བསྟེན་པར་དེ་བས་སྟབས་བདེ་བསྐྲུན་ཡོད། “གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ཝེ་ཞའོ་ལི་ཡིས་དགའ་ཚོར་ཆེན་པོས་གསུངས་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)