—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་
གསུང་བཤད་གལ་ཆེན་ལས་གདེང་ཚོད་ཆེ་རུ་ཕྱིན་པ་དང་འབད་བརྩོན་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་07ཉིན། 09:58】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་དམིགས་ཚད་ཕུན་སུམ་ཚོགས་པོས་མངོན་འགྱུར་བྱེད་པར་དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་དགོས” ཚེས་5ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་འཐུས་མི་དང་། ཨུ་ཡོན། དེ་བཞིན་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཞིང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་བ་དང་། ཞིང་ཆེན་གཞན་དག་གིས་རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་པ། འབད་འབུངས་ཡར་བརྩོན་དང་ཐེག་པ་ཁུར་ལེན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་གི་ཡིན་ཞེས་གསུངས་པ་རེད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་སྐུལ་སྤེལ་དང་ཐོན་ལས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་དེ་མིག་སྔར་འཕྲལ་དུ་སྒྲུབ་དགོས་པའི་ལས་ཀ་ཡིན།
ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསན་རྗེས་ཅང་སུའུ་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་འཐུས་མི་ཞུས་ཀོང་ཧུའེ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“སྤྱི་ཁྱབ་ཧྲུའུ་ཅིས་ཅང་སུའུ་ལ‘ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་གདོང་མཆོང་བྱེད་དགོས’ཞེས་བླང་བྱ་གསར་པ་བཏོན་གནང་འདུག དེས་ན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལམ་རིས་དང་ཨར་ལས་ཇུས་གཞིར་ཞིབ་པར་བཀོད་དེ། འགག་རྩ་དང་ལྟེ་བའི་ལག་རྩལ་ཐད་འགག་སྒྲོལ་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གསར་གཏོད་འབྲེལ་ཐག་དང་ཐོན་ལས་འབྲེལ་ཐག་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་སྐྲུན་པ་ལས་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད།
“ཐོན་ལས་གསར་གཏོད་ལ་དམ་འཛིན་བྱེད་པར་དངོས་ཚན་དཔལ་འབྱོར་གྱི་རྩ་བའི་རྨང་གཞིར་དམ་འཛིན་ནན་པོ་བྱེད་དགོས”——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་གལ་ཆེན་དེའི་སྐོར་གླེང་སྐབས། ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་ཨང་དང་པོའི་དབུ་བཞུགས་ལག་རྩལ་ཆེ་མོ་བ་འཐུས་མི་དབྱང་ཡུང་ཤིའུ་ཡིས། ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་ཨང་དང་པོས་ཚན་རྩལ་རང་ཚུགས་རང་དར་མཐའ་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་དཀའ་གནད་ཁྱད་བསད་བྱས་ནས་མི་རིགས་ཀྱི་རླངས་འཁོར་སྤུས་རྟགས་མགྱོགས་མྱུར་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད། འཐབ་ས་དང་པོའི་ཐོན་ལས་བཟོ་པའི་འཐུས་མི་ཞིག་ཡིན་པའི་རང་ཉིད་ཀྱིས་བཟོ་པ་དེ་བས་མང་བ་འཚར་ལོངས་ཡོང་བར་རོགས་རམ་བྱས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བར། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་འགལ་རྐྱེན་སེལ་བ་དང་སྒུལ་ནུས་ཆེ་རུ་གཏོང་དགོས།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ས་གནས་ཀྱི་སྲུང་སྐྱོང་དང་། ཁྲོམ་ར་བགོ་བཤའ། ‘གྲིམ་མདུད་རྣམ་པའི’འགྲན་རྩོད་བཅས་རང་འགུལ་ངང་མེད་པ་བཟོ་དགོས་ཞེས་གསུངས་ཡོད། དེ་ལས་ཁྲོམ་རའི་གསོན་ཤུགས་ཧ་ཅང་ཆེན་པོ་འཕེལ་རྒྱུ་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་སྒྲིལ་ཐུབ་རྒྱུ་རེད” ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཨུ་ཡོན་ཧོང་ཆུན་ཧུའེ་ཡིས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་འཛུགས་པར་དམིགས་ནས། བདག་དབང་སྲུང་སྐྱོང་དང་། ཁྲོམ་རར་ཞུགས་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་དང་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། དེ་བས་ནུས་ཆེ་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།
རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་བར་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ནང་མཉམ་འདྲེས་ཟབ་མོ་བྱེད་དགོས།
2024ལོར། ཀོང་ཏུང་ནི་རྒྱལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་14ལས་བརྒལ་བའི་ཞིང་ཆེན་དང་པོར་གྱུར་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་ཞིང་ཆེན་ཆེན་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འགན་འཁྲི་དེ་བས་ཆེ་བ་ཁུར་ཏེ་ང་ཚོའི་ཧུར་སེམས་དེ་བས་ཆེ་བ་དང་གདོང་མཆོང་ངར་ཤུགས་དེ་བས་ཆེ་བ་ཡོང་བར་བྱེད་དགོས་ཞེས་བཏོན་གནང་ཡོད” ཀོང་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དང་འཐུས་མི་ཨའེ་ཞུའེ་ཧྥུང་གིས། གོམ་སྟབས་རྗེས་མར་ཀོང་ཏུང་གིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་གཞི་ཚུགས་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་པ་དང་། ཚན་ཞིབ་ཀྱི་སྟོབས་ཤུགས་སྔོན་ཐོན། སྒོ་འབྱེད་ཀྱི་རྨང་གཞི་བརྟན་པོ། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་བཅས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་མགྱོགས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་མདུན་གྲལ་དུ་བསྐྱོད་ནས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བའི་དེང་རབས་ཅན་ཞིག་རེད། ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཅིན་ཀྲའེ་རྫོང་ཧྭ་ཧྲི་ཤང་ཏཱ་དབན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན། ཨུ་ཡོན་བཅས་ཡིན་པའི་ཡུས་ཅིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་གནང་བའི་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏཱ་དབན་གྲོང་ཚོའི་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་བ་དང་། ས་ཞིང་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་པ། སྐྱེ་ཁམས་ཀྱི་ལེགས་ཆ་ཡག་པོ་འདོན་པ་བཅས་བྱས་ཏེ། “རི་སྟེང་དུ་ཇ་འདེབས་པ་དང་། ཁྱིམ་དུ་སྐུ་མགྲོན་བསུ་བ། གསར་བརྗེ་དང་སྐྱེ་ཁམས་ཟུང་འབྲེལ”བཅས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་ཀྱི་ཡིན་ཞེས་གསུངས་པ་རེད།
“ཐུན་མོང་འབྱོར་ཕྱུག་ནི་དངོས་པོའི་ཐད་ཀྱི་འབྱོར་ཕྱུག་ཡིན་པ་མ་ཟད། དེའི་ནང་བསམ་པའི་ཐད་ཀྱི་འབྱོར་ཕྱུག་ཀྱང་ཚུད་ཡོད” ཁུན་ཧྲན་གྱི་ཁྲང་ཞིའི་འཁྲབ་སྟོན་པ་དང་། ཅང་སུའུ་ཞིང་ཆེན་འཁྲབ་སྟོན་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི། འཐུས་མི་བཅས་ཡིན་པའི་ཁོ་ཅུན་གྱིས། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་རིག་གནས་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་སོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཚེ་གཞི་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་པ་དང་། རྒྱུན་འཛིན་པ། གསར་གཏོད་པ་བཅས་ཡག་པོ་བྱས་ནས་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་འདོན་ཐུབ་ངེས་རེད་ཅེས་གསུངས་པ་རེད།
“མེ་འཁོར་མྱུར་པོ་དགོས་ན། འཕྲུལ་མགོ་ཡག་པོ་དགོས” ཧོ་པེ་ཞིང་ཆེན་ཝུའུ་ཨན་གྲོང་ཁྱེར་ཧྲུའུ་ཚུན་གྲོང་རྡལ་པའེ་ཧྲ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། འཐུས་མི་བཅས་ཡིན་པའི་ཧོའུ་ཨེར་ཧོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ལྕི་པོ་ཁུར་བ་དང་གསར་གཏོད་ཡར་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས“ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཐོན་ལས་དར་རྒྱས། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཕུགས་ཕན་གྱི་ཐབས་ཇུས་དང་ཕུགས་འཕེར་གྱི་ཇུས་གཞིར་བརྩིས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས་ཁོང་ཚོ་ཚང་མ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།