གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་06ཉིན། 14:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
བོད་ལྭ་གྱོན་ཞིང་བསམ་འདུན་བཅངས་ནས། བཀྲ་ཤིས་དབང་མོ་ཕ་ཡུལ་དང་གྱེས་ཏེ་པེ་ཅིང་དུ་བསྐྱོད་དེ་རྒན་རྒོན་ཚོའི་གཏམ་རྒྱུད་དང་རེ་སྒུག་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་འཁྱེར་བ་རེད།
འཐུས་མི་བཀྲ་ཤིས་དབང་མོ་ཡིས། རྒན་རྒོན་ཚོར་བདེ་སྐྱིད་ལྡན་པའི་ཚེ་མཇུག་ཞིག་ཡོད་ན་བསམ་ཞིང་འདུག་རོགས་དང་དངོས་པོའི་ཐད་ལྟ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་ཅེས་བཤད།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་རྒན་རྒོན་བདག་སྐྱོང་ཁང་གི་འགོ་འཛིན་བཀྲ་ཤིས་དབང་མོ་ནི་“90”ལོའི་རྗེས་ཡིན་རུང་། རྒན་གསོའི་ཞབས་ཞུའི་ལས་དངོས་སུ་ལོ་16རིང་ལ་བརྟན་སྲུང་བྱས་ཡོད།
རྒན་རྒོན་ཁྲིད་དེ་མཉམ་དུ་བརྙན་ཐུང་ཕབ་པ་དང་སྒྱུག་མོ་ཚོར་སེན་རྩི་བྱུགས་རོགས་བྱས་ཤིང་། བཀྲ་ཤིས་དབང་མོ་ནད་གཡོག་ལས་རིགས་སུ་ཞུགས་ནས་རྒན་རྒོན་ཚོའི་འཚོ་བའི་འགྲོ་འདུག་ལ་ལྟ་རྟོག་བྱས་ཏེ་ལང་ཚོ་རྒན་གསོ་ཁང་ལ་ལེགས་སྐྱེས་ཕུལ་བ་རེད། རྒན་གསོའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་རྒན་རྒོན་ཚོ་བདེ་སྐྱིད་བག་ཕེབས་ཀྱི་ཚེ་མཇུག་སྐྱེལ་ཐུབ་པ་བྱ་ཆེད། ཁོང་གིས་རྒན་གསོའི་སྒྲིག་གཞི་དང་དམངས་སྲིད་སྡེ་ཁག གྲོང་ཚོ་དང་གྲོང་རྡལ་མང་པོར་བསྐྱོད་དེ་བརྟག་ཞིབ་གནང་བ་རེད།
བཅར་འདྲི་བྱས་པ་བརྒྱུད། བཀྲ་ཤིས་དབང་མོས་ལོ་མང་རིང་རྒན་གསོ་ཁང་དུ་མི་མི་འདང་བ་དང་བདག་གཉེར་བྱེད་མཁན་བགྲེས་འགྱུར་ཅན་དུ་འགྲོ་བའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན། རྒན་གསོ་བདག་སྐྱོང་མི་སྣའི་ཆེད་ལས་རྩལ་ནུས་གསོ་སྦྱོང་ལ་དམིགས་ནས། ཁོང་གིས་ལས་རིགས་སློབ་གླིང་གིས་ས་ཁོངས་ཀྱི་དགོས་མཁོ་དང་ལས་རིགས་ཀྱི་རྣམ་པ་གསར་བ་གཞིགས་ནས་རྒན་གསོའི་ཞབས་ཞུའི་ཆེད་ལས་བཀོད་སྒྲིག་ལེགས་སུ་བཏང་སྟེ། སྤྱི་ཚོགས་ལ་ཆེད་ལས་མི་སྣ་དེ་བས་མང་བ་ཕྱིར་གཏོང་བྱས་ནས་རྒན་རྒོན་ཚོ་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་བརྟེན་ས་ཡོད་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།