ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པའི་ཐོག་ནན་བཤད་གནང་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་04ཉིན། 11:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་རྒྱུ་དེ་བྱ་གཞག་དར་རྒྱས་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་རྒྱལ་ཁབ་དེ་བས་བདེ་འཇགས་ལྡན་པ་དང་། སྤྱི་ཚོགས་དེ་བས་སྒྲིག་ལམ་ལྡན་པ། བཅོས་སྐྱོང་དེ་བས་ཕན་འབྲས་དོད་པ། མི་དམངས་དེ་བས་བློ་ཡིད་ཚིམ་པ་བཅས་ལ་འབད་བརྩོན་རྒྱུན་མཐུད་བྱས་ཏེ། དུས་བདེའི་ཀྲུང་གོ་སྐྲུན་རྒྱུ་དེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་དགེ་རྒན་ཆེ་མོ་བ་བློ་མཐུན་ལི་ཡན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་མ་ཟད། ལས་དོན་གྱི་གྲོས་འགོ་ཡང་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་ནས་གྲོས་བསྡུར་གནང་བ་རེད།
ཞི་ཅིན་ཕིང་གིས་འགྲེལ་བཤད་གསན་ནས་གྲོས་བསྡུར་གནང་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་གཞི་དང་། ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་སྤྱི་ཡོངས་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི“ངོ་མཚར་ཆེན་པོ་གཉིས”ཀྱི་ལེའུ་གསར་པ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། དུས་བབ་དང་ལས་འགན་གྱི་འཕེལ་རྒྱས་འགྱུར་ལྡོག་དང་འཚམ་པར་བྱེད་དགོས་ན། དུས་བདེའི་ཀྲུང་གོ་སྐྲུན་པའི་ཐད་ཤུགས་སྣོན་རྒྱག་དགོས་པ་ལས། ཉམས་རྒུད་དུ་གཏོང་མི་རུང་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནི་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་པའི་བརྩི་སྲུང་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ནི་བསྙོན་མེད་དོན་དམ་ཡིན་པ་དང་བདེ་འཇགས་ཀྱང་བསྙོན་མེད་དོན་དམ་ཡིན་པའི་འདུ་ཤེས་སྔར་བས་འཛུགས་པ་དང་། ལས་དོན་ཁྲོད་རང་རྟོགས་ངང་འཕེལ་རྒྱས་དང་བདེ་འཇགས་གཅིག་ཏུ་བསྒྲིལ་ཏེ་མཉམ་དུ་ཇུས་འགོད་དང་། གཞི་གཅིག་ཏུ་བཀོད་སྒྲིག ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་དང་གོང་འོག་མཉམ་ཤུགས་མཐའ་འཁྱོངས་བྱས་ནས་ས་གནས་གཅིག་དང་། ཁུལ་ཁོངས་གཅིག ལས་རིགས་གཅིག་བཅས་ཀྱི་བདེ་འཇགས་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་ཧྲིལ་པོའི་བདེ་འཇགས་ལ་མཐུན་རྐྱེན་སྐྲུན་པ་དང་བདེ་འཇགས་ཀྱི་གནད་དོན་རེ་རེ་བཞིན་དུས་ཐོག་ངང་ཐག་གཅོད་ནུས་ལྡན་བྱས་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དུས་བདེའི་ཀྲུང་གོ་སྐྲུན་རྒྱུ་དེ་མི་དམངས་ཀྱི་ཆེད་དུ་ཡིན་ལ་མི་དམངས་ལ་ཡང་བརྟེན་དགོས། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་སྤྱི་ཚོགས་ཀྱི་དྲང་གཞག་བདེན་སྐྱོང་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་སྒྲུབ་པ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གཅིག་མཐུན་ཚོགས་པ་འཛུགས་དགོས། རང་བཀུར་རང་ཆེས་དང་། དཔྱོད་ཤེས་ཞི་དུལ། ཧུར་བརྩོན་ཡར་ཐོན་བཅས་ཀྱི་སྤྱི་ཚོགས་ཀྱི་སེམས་ཁམས་སྐྱེད་སྲིང་བྱས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། ལེགས་སྐྱེས་འབུལ་བ། ཁྲིམས་སྐྱོང་གོང་བཀུར། ཡ་རབས་སྤྱོད་བཟང་བཅས་ཀྱི་དུས་རབས་ཀྱི་སྤྱོད་གསར་དར་སྤེལ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེན་ཁ་སྣ་ཚོགས་འགོག་སེལ་བྱ་རྒྱུ་ནི་དུས་བདེའི་ཀྲུང་གོ་སྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་ཐབས་དེ་མ་ཐོན་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་བྱེད་པ། དེ་བཞིན་བདེ་འཇགས་ཐོན་སྐྱེད་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས། དྲ་རྒྱའི་བདེ་འཇགས། མི་ཐབས་རིག་ནུས་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་པར་ངེས་པར་དུ་སྤྱི་ཚོགས་བདེ་འཇགས་སྤྱི་ཡོངས་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་དོན་བཅོས་སྐྱོང་བྱ་རྒྱུ་དེ་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་བཞིན་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་དང་ཟུང་འབྲེལ་བྱེད་པ་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཟངས་གྱང་ལྕགས་རྩིག་བརྟན་པོ་ཞིག་སྐྲུན་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་ནས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་སེལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ནི་དུས་བདེའི་ཀྲུང་གོ་སྐྲུན་པའི་རྩ་བའི་འགན་ལེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་དང་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དུས་བདེ་སྐྲུན་པའི་ཁྲོད་ཀྱི་རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་དཔུང་ཁག་བརྟན་པོ་ཞིག་སྐྲུན་དགོས།