གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་04ཉིན། 11:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་གཅེས་བཏུས》དེབ་དང་པོ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་དོན་གཉེར། བྱ་དངོས་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་གིས་དཔལ་འབྱོར་ལས་དོན་ལ་འཐབ་ཇུས་ཇུས་འགོད་དང་གཅིག་གྱུར་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་གཏོང་བ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་འདོན་པ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྣེ་ཁྲིད་བཅས་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་དང་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཏུས་བྱས་པ་ཞིག ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ལམ་གྲུབ་པར་འཚོལ་ཞིབ་ལྷོད་མེད་བྱས་པའི་རྩ་ཆེའི་བསམ་བློའི་སྙིང་བཅུད་བཅས་ཡིན་ཞིང་། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གནས་ཚད་གསར་པ་བཏོད་དེ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བར་ཐོག་མའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཉེན་ཁ་དང་འགྲན་སློང་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་བཅས་ལ་བསམ་བློའི་མཚོན་ཆ་རྣོན་པོ་མཁོ་འདོན་བྱས་ཡོད་པ་རེད།
《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་གཅེས་བཏུས》དེབ་དང་པོའི་ནང་། བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་12པའི་བར་གྱི་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་རྩོམ་ཡིག་གལ་ཆེ་ཤོས་དང་ཆེས་གཞི་རྩའི་རྩོམ་ཡིག་བསྡུས་ཡོད་པ་དག་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཤིང་། ཁྱོན་སྙན་སྒྲོན་དང་། གསུང་བཤད། གཏམ་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་རྩོམ་ཡིག་ཁག་74ཡོད། རྩོམ་ཡིག་ཁག་གཅིག་ནི་ཡོངས་གྲགས་སུ་འགྲེམས་སྤེལ་བྱེད་ཐེངས་དང་པོ་རེད།
《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་གཅེས་བཏུས》དེབ་དང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པར་དབང་གྲགས་ལྡན་པའི་བསླབ་གཞི་མཁོ་འདོན་བྱས་ཡོད་ཅིང་། དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། སེམས་ནུས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།