གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 10:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲེང་ཡང་ཡང་།
ཞོགས་པ་སྔ་པོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཧོའེ་རོའུ་ཚོད་ལྟ་ཁང་ཧྲན་ཤིས་ཞིབ་འཇུག་ཁང་གི་ཡོན་ཀྲང་སུན་ཡུས་ཧན་གྱིས་གཞུང་ལས་ཁང་དུ་འབྲེལ་ཡོད་དཔྱད་གཞི་འཚོལ་བཤེར་བྱེད་པ་དང་སྦྲགས་རང་ཉིད་ཀྱིས་བརྟག་དཔྱད་བྱས་པའི་འབྲེལ་ཡོད་གནས་ཚུལ་ལེགས་སྒྲིག་བྱས་ཏེ་ད་ལོའི་གྲོས་གཞི་གྲ་སྒྲིག་བྱེད་བཞིན་འདུག ཁོང་གིས“ལོ་གཉིས་རིང་ངས་རྟག་ཏུ་ཧྲན་ཤིས་དང་། ཧྲའན་ཤིས། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་དུ་ཕར་འགྲོ་ཚུར་འོང་བྱས་ནས་ནུས་རྒྱུ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཆེ་གྲས་ཚང་མར་ཧ་ལམ་ཕྱིན་པ་ཡིན”ཞེས་གསར་འགོད་པར་བརྗོད།
ནུས་རྒྱུའི་ཚན་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་སུན་ཡུས་ཧན་གྱིས། ཉེ་བའི་ལོ་ཤས་རིང་ནུས་རྒྱུའི་བདེ་འཇགས་དང“ཐཱན་གཉིས”ཁྱབ་ཁོངས་ཀྱི་བརྗོད་གཞིར་ཐུགས་ཁུར་རྒྱུན་མཐུད་གནང་གི་ཡོད། དེར་བརྟེན་སུན་ཡུས་ཧན་གྱིས་འབྲེལ་ཡོད་རྒྱལ་སྤྱིའི་ཚད་ལྡན་ཡིག་ཆ་འབོར་ཆེན་གཟིགས་པ་མ་ཟད། དུས་ཡུན་རིང་པོར་འཐབ་ས་དང་པོར་བརྟག་དཔྱད་ཞིབ་འཇུག་གནང་ནས་ཐབས་འདོན་ཇུས་འགོད་ཧུར་ཐག་གནང་ཡོད།
“སོལ་འདོན་དང་ཝ་སི་ནས་སྣུམ་འདོན་གཞི་གཅིག་ཅན་ལག་བསྟར་བྱེད་པ་དང་དུས་མཚུངས། ས་གཏིང་ཚན་རྩལ་འཕེལ་རྒྱས་བཏང་ནས་གཏིང་རིང་བའི་སོལ་རིམ་སོལ་རླངས་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་པ་ནི་སུན་ཡུས་ཧན་གྱིས་བཏོན་པའི་གྲོས་གཞི་ཡིན་པ་དང་དེར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་པོ་བྱེད་ཀྱི་ཡོད།
སུན་ཡུས་ཧན་གྱིས། རྡོ་སོལ་དང་གློག་གི་རྩེ་སྙོམས་ཁྲོད་ཀྱི་དབྱང་གཉིས་ཐཱན་འགྱུར་འཛིན་སྡུད་དང་བེད་སྤྱོད་དང་། ལྗང་ཆིང་དང་རྡོ་སོལ་རྫས་འགྱུར་བཟོ་ལས་གཉིས་ཟུང་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ། ལྗང་མདོག་ཁྲུན་ཀ་པ་དང་། ལྗང་མདོག་ཨན། ཐཱན་ཆིང་འབུད་ཤིང་སོགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པའི་ངོས་འཛིན་གནང་ཡོད། དེ་དང་ཆབས་ཅིག་སུན་ཡུས་ཧན་གྱིས་རྡོ་སོལ་ཕན་ཆེ་གཙང་མ་མུ་མཐུད་ཡག་པོ་སྤྱད་ནས་ཐཱན་ཉུང་དང་། ལྗང་མདོག རྩེར་སོན་བཅས་ཀྱི་ནུས་རྒྱུའི་རྫས་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)