གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 10:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ངས་སྐུ་ཞབས་ཙུང་ཐུང་དང་བརྙན་ལམ་ནས་ཞལ་འཛོམས་ཞུས་ཏེ་ལོ་ཧྲིལ་པོའི་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཆར་འགོད་དང་སྣེ་ཁྲིད་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་གཉིས་ཀྱི་སྡེ་ཚན་ཁག་གིས་ང་ཚོའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བའི་ཁྲོད་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཚུད་ཡོད། ཀྲུང་ཨུ་ནི་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་ཡག་པོ་ཞིག་རེད་ལ། སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གྲོགས་པོ་བློས་ཐུབ་ཅིག་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་པོ་བསྟན་ཡོད། ཀྲུང་ཨུའི་འབྲེལ་བར་ནང་སྐྱེས་ཀྱི་སྒུལ་ཤུགས་ཆེན་པོ་དང་དམིགས་བསལ་གྱི་འཐབ་ཇུས་རིན་ཐང་ལྡན་པ་དེ་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། ཕྱོགས་གསུམ་པའི་ཤུགས་རྐྱེན་ཡང་ཕོག་མི་སྲིད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཕྱི་འབྲེལ་སྲིད་ཇུས་ནི་ཡུན་རིང་གོ་ཆོད་པ་ཞིག་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་ཨུའི་འབྲེལ་བ་བརྟན་པོའི་ངང་མདུན་སྐྱོད་བྱས་ཏེ་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་གཞོགས་འདེགས་བྱས་ནས་རྒྱལ་སྤྱིའི་འབྲེལ་བར་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྣོན་ཐུབ་རྒྱུ་རེད།
ཕུའུ་ཅིང་གིས་གསུངས་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ལོ་གསར་པར་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་མཉམ་དུ་དྲན་གསོ་ཞུ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཨུ་རུ་སུ་ཕྱོགས་ཀྱི་ཕུགས་ལ་དམིགས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་ལས། སྐབས་བསྟུན་བྱེད་ཐབས་ཤིག་གཏན་ནས་མིན་ལ་དུས་སྐབས་གཅིག་དང་བྱ་བ་གཅིག་གི་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་གྱི་འགོག་རྐྱེན་ཡང་ཕོག་མི་ཐུབ། མིག་སྔའི་དུས་བབ་འོག་ཨུ་ཀྲུང་གིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་དགོངས་དོན་དང་མཐུན་པ་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་ཨུ་ཀྲུང་གིས་ནུས་པ་བརྟན་པོ་འདོན་པའི་དགེ་མཚན་ལྡན་པའི་བརྡ་རྟགས་ཀྱང་གཏོང་ཐུབ་རྒྱུ་རེད།
ཕུའུ་ཅིང་གིས་ཨུ་རུ་སུ་དང་ཨ་རིའི་དབར་འབྲེལ་གཏུག་བྱས་པའི་གནས་ཚུལ་གསར་ཤོས་དང་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཨུ་རུ་སུ་ཕྱོགས་ཀྱི་རྩ་བའི་ལངས་ཕྱོགས་ངོ་སྤྲོད་གནང་སྟེ་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་གི་འབྱུང་རྩ་མེད་པ་བཟོ་རྒྱུར་གཞོལ་ནས་རྒྱུན་མཐུད་ཆོག་པ་དང་ཡུན་རིང་གི་ཞི་བའི་ཇུས་གཞི་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུག་རེན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བའི་ཐོག་མའི་དུས་སུ་ངས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད“སྒྲུབ་དགོས་པ་བཞི”སོགས་གཞི་རྩའི་འདོད་ཚུལ་བཏོན་ཡོད། ན་ནིང་ཟླ་9པར་ཀྲུང་གོས་པར་ཙིར་དང་མཉམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གཅིག་དང་མཉམ་དུ་ཡུག་རེན་གྱི་ཉམས་ཉེན་གྱི“ཞི་བདེའི་མཛའ་གྲོགས”ཚོགས་ཆུང་བཙུགས་ཏེ་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཉམས་ཉེན་སེལ་ཆེད་འབད་བརྩོན་ཧུར་ཐག་བྱེད་པ་མཐོང་འདོད་ཡོད།
ཕྱོགས་གཉིས་པོས་མུ་མཐུད་བྱ་ཐབས་སྣ་ཚོགས་སྤྱད་དེ་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་བ་རེད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)