གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་25ཉིན། 10:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་2025ལོའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་སྲུང་སྐྱོང་པར་གསོ་སྦྱོང་བྱས་ཤིང་། དེའི་དམིགས་ཡུལ་ནི་ཆེད་ལས་དོ་དམ་སྲུང་སྐྱོང་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་ནས་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་རང་བྱུང་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་བཟོ་སྐྲུན་ཆེ་མོ་བ་དང་། མཁས་དབང་དང་རིགས་གཅིག་མཁས་ཅན། ཆེད་ལས་ལས་རིགས་གཅིག་པ་བཅས་ཀྱི་མི་7ཆེད་མངགས་གདན་དྲངས་ནས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་སྲུང་སྐྱོང་པ་75ལ་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ལ་དམིགས་སའི་རང་བཞིན་ལྡན་པ་དང་། བོད་བྱང་ཐང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། དོ་དམ་སྲུང་སྐྱོང་པས་ས་མཐོའི་སྐྱེ་ཁམས་མ་ལག་གི་ཉམས་ཞན་རང་བཞིན་དང་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པར་བྱས་པ་མ་ཟད། སྲུང་སྐྱོང་གི་གཙོ་གནད་ཁོང་དུ་ཆུད་ཐུབ་པར་བྱས་ཡོད། སྲོལ་རྒྱུན་གྱི་སྐྱེ་ཁམས་རིག་ལྡན་དང་མཉམ་འདྲེས་བྱས་ནས་དེང་རབས་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཆེད་ལས་ཀྱི་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པའི་ཤེས་བྱ་བརྒྱུད་ཁྲིད་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རམ་འདེགས་བྱེད་པ་དང་། བྱང་ཐང་ཁོ་ནར་ཡོད་པའི་མཐོ་གྲང་རྩི་ཤིང་གི་སྐྱེ་འཚར་གོམས་གཤིས་དང་། སྲུང་སྐྱོང་གནད་དོན། སྐྱེ་ཁམས་ནུས་པ་བཅས་ལ་འགྲེལ་བཤད་བརྒྱབ་སྟེ་དོ་དམ་སྲུང་སྐྱོང་པས་རྩི་ཤིང་ཐོན་ཁུངས་ལ་དོ་དམ་ནུས་ལྡན་བྱེད་པར་སྟབས་བདེ་སྐྲུན་པ། ཚན་རིག་དང་མཐུན་པའི་སྔོན་འགོག་བྱེད་ཐབས་སློབ་ཁྲིད་བྱས་ཏེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་ཆབས་ཅིག གྲོང་མིའི་ཁེ་དབང་འགན་སྲུང་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་བཅོས་སྐྱོང་རིགས་གཅིག་མཁས་ཅན་གྱིས་དོ་དམ་སྲུང་སྐྱོང་པ་དང་ས་གནས་དེ་གའི་སྡེ་ཁུལ་དབར་གྱི་མཉམ་ལས་ལ་མཛུབ་ཁྲིད་བྱས་ནས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་ཀྱི་རྣམ་པ་ཆགས་པར་བྱེད་པ། སྲིད་ཇུས་དང་ཁྲིམས་སྲོལ་སློབ་ཁྲིད་བྱེད་སྐབས་དོ་དམ་སྲུང་སྐྱོང་པས་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་མངའ་ལོན་རོགས་བྱས་ཏེ་དོ་དམ་སྲུང་སྐྱོང་ལས་དོན་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་སྤེལ་ཐུབ་པའི་འགན་ལེན་བཅས་བྱས་པ་རེད།
གསོ་སྦྱོང་ལ་ཞུགས་མཁན་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གིས་རིགས་པའི་གཞུང་ལུགས་ལ་མཐོང་ཆེན་བྱས་པ་མ་ཟད། ད་དུང་ལག་ལེན་གྱི་ལྷུ་ཚིགས་ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱས་འདུག གྱོད་དཔེ་དབྱེ་ཞིབ་དང་ལག་ལེན་བཀོལ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་ཤེས་བྱར་གོ་བ་ལེན་པ་དང་ཁོང་དུ་ཆུད་རྒྱུ་གཏིང་ཟབ་ཏུ་བཏང་ཡོད། སླད་ཕྱིན་སྦྱངས་པའི་ཤེས་བྱ་ལག་ལེན་དུ་སྤྱད་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་ཐུབ་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་ཕུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།