འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་24ཉིན།

མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པ་དང་སྒྲིག་བཀོད་བཟོ་སྐྲུན་ཐོན་ལས་འཕེལ་རྒྱས་བཏང་བ།

༄༅།།མྱ་ངམ་ཐང་དུ་ནུས་རྒྱུ་གསར་པ་ཡི། སྒྲིག་ཆས་བསྐྲུན་ཚུལ་ཆུ་བོའི་རླབས་དང་འདྲ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་24ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     དཔྱིད་དུས་ཀྱི་ཚྭ་འདམ་གཤོང་སའི་དྲོད་ཚད་སྔར་བཞིན་ཀླད་ཀོར་འོག་ཏུ་གནས་མོད། འོན་ཀྱང་གཤོང་སའི་བྱང་སྣེར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས། འདི་གར་གཞི་ཁྱོན་ཆེ་ཤོས་ཀྱི་མཐོར་ལྕོག་རྐྱང་པའི་ཉི་འོད་གློག་གཏོང་རྣམ་གྲངས་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་འདུག་ལ། ཞིང་ཆེན་ཡོངས་ཀྱི་ལྗང་གློག་ཆིང་བཟོའི་རྣམ་གྲངས་ཁག་དང་པོ་བསྐྲུན་ཟིན་པ་དང་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲས་ཁེངས། ཉེ་བའི་ལོ་ཤས་རིང་། གཏེར་ལེན་ཁ་གྲོང་ཁྱེར་གྱིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་བ་རེད།

     ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་གང་མགྱོགས་བྱེད་དགོས” “མྱ་མང་ཐང་གི་ནུས་རྒྱུ་གསར་པའི་རྟེན་གཞི་མགྱོགས་པོ་སྐྲུན་དགོས”ཞེས་བཏོན་ཡོད། ཉེ་ཆར། གསར་འགོད་པས་གཏེར་ལེན་ཁའི་ནུས་རྒྱུ་གསར་པ་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་འཐབ་ས་དང་པོར་བཅར་འདྲི་བྱས་པ་ཡིན།

    ལྗང་མདོག་སྔོག་སྤེལ་བྱས།

    ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད།

     མྱ་ངམ་ཐང་དུ་རྒྱང་ལྟ་བྱེད་སྐབས་དངུལ་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། “དེ་ནི་ཉི་ནུས་མཐོར་ལྕོག་རྣམ་པའི་ཉི་འོད་གློག་གཏོང་ས་ཚིགས་རེད། ལྟོས་དང་། གློག་གཏོང་འཕྲུལ་ཚན་དེ་ནས་གློག་ཆུ་ཚོད་24གཏོང་ཐུབ་ཀྱི་ཡོད” མཚོ་སྔོན་ལྟེ་བའི་ཚོད་འཛིན་གཏེར་ལེན་ཁའི་ཀྲའོ་ཝ་50ཉི་འོད་གློག་གཏོང་ས་ཚིགས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ཧྥན་ཡུས་ཧྭ་ཡིས་ངོ་སྤྲོད་བྱས། ཁོང་གིས་འོད་ཤུགས་གློག་གཏོང་དང་བསྡུར་ན་ཉི་འོད་གློག་གཏོང་ལ་སྭེལ་ཤེལ་འོད་གློག་ནས་བརྗེ་སྒྱུར་བྱེད་མི་དགོས་པས། གློག་གཏོང་གི་མ་གནས་དམའ་པོ་ཡོད་ཅེས་ངོ་སྤྲོད་བྱས།

     གཏེར་ལེན་ཁའི་ཁོ་ར་ཁོར་ཡུག་དེ་སྔ་སྐྱ་ཐེར་ཐེར་ཞིག་ལས་མེད། སྔོན་ཆད་རྡོ་སོལ་དང་རྡོ་ཐལ་རྡོ་སོགས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱས་ནས་བུལ་རྐྱང་གཙོ་བོར་བྱེད་པའི་ཚྭ་རྫས་འགྱུར་བཟོ་ལས་ཐོན་ལས་འཕེལ་རྒྱས་བཏང་བས། སྐབས་ཤིག་རིང་གཏེར་ལེན་ཁ་བཟོ་ལས་འཕེལ་རྒྱས་ཀྱི“མགྱོགས་ལམ”དུ་བསྐྱོད་ཅིང་། བུལ་རྐྱང་ཐོན་འབོར་གྱིས་རྒྱལ་ཡོངས་ཀྱི་10%ཙམ་བཟུང་ཡོད། འོན་ཀྱང་ཕན་འབྲས་ཆུང་ལ་རགས་ལས་ཀྱི་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་དབང་གིས“བུལ་རྐྱང་གཅིག་པོར་བརྟེན་ནས་སྟོབས་ཆེར་སོང་བའི”“མགྱོགས་ལམ”གྱི་དགེ་མཚན་རིམ་གྱིས་མེད་པར་གྱུར་ཡོད། གཏེར་ལེན་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲའོ་ཁྲུན་གྱིས“ཐོན་ལས་ཕྱོགས་སྒྱུར་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་ཤུགས་ཤིག་ཡིན་པས། འགག་གནད་དེར་དམ་འཛིན་ཇི་ལྟར་བྱ་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད”ཅེས་བཤད།

     2017ལོར་མཚོ་སྔོན་ལྟེ་བའི་ཚོད་འཛིན་གཏེར་ལེན་ཁའི་ཀྲའོ་ཝ་50ཡི་ཉི་འོད་གློག་ཁང་ས་ཚིགས་སྐྲུན་འགོ་ཚུགས་ཤིང་། 2019ལོའི་ཟླ་7པར། རྒྱལ་ཡོངས་ཀྱི་དྲ་སྦྲེལ་གློག་གཏོང་གི་ཉི་ནུས་མཐོར་ལྕོག་གི་ཉི་འོད་གློག་གཏོང་ས་ཚིགས་དང་པོ་དང་གོ་ལ་ཧྲིལ་པོའི་དྲ་སྦྲེལ་གློག་གཏོང་མཐོར་ལྕོག་རྣམ་པའི་ཚྭ་བཞུ་ནུས་གསོག་གློག་གཏོང་ས་ཚིགས་ཨང་གསུམ་པ་བསྐྲུན་ནས་གློག་གཏོང་འགོ་ཚུགས། ཧྥན་ཡུས་ཧྭ་ཡིས“2023ལོའི་ལོ་མཇུག་བར། གློག་ཁང་ས་ཚིགས་ཀྱིས་རིམ་རྩིས་བྱས་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་5.734བཏང་བ་དེ་ཇུས་འགོད་ཀྱི་གློག་གཏོང་ཚད་གཞི་ལས་བརྒལ་ཡོད”ཅེས་ངོ་སྤྲོད་བྱས།

     ཐོན་ཁུངས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་མང་པོ་ཞིག་གིས་མྱ་ངམ་ཐང་གི་ལྗང་མདོག་ནུས་པ་ཆེ་རུ་བཏང་ཞིང་། 2024ལོའི་ལོ་འགོར་ཀྲུང་ཀོང་ཉིང་རྡུལ་ནུས་རྒྱུ་གསར་པའི་གཏེར་ལེན་ཁའི་ཚ་གསོག་གཞི་གཅིག་ཅན་གྱི་ཆན་ཝ་ཁྲི་200ཡི་རྣམ་གྲངས་སྐྲུན་འགོ་ཚུགས། དེ་ནི་མིག་སྔར་གོ་ལ་ཧྲིལ་པོའི་འཕྲུལ་ཚན་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་མཐོར་ལྕོག་རྣམ་པའི་ཉི་འོད་གློག་གཏོང་རྣམ་གྲངས་ཤིག་རེད། 2024ལོའི་ལོ་མཇུག་བར་གཏེར་ལེན་ཁ་ཡིས་གློག་འདོན་རྣམ་གྲངས་40བསྐྲུན་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་ནས་གློག་གཏོང་ཚད་ཆན་ཝ་ཁྲི་515ཟིན་ཡོད།

    ཕུགས་ལ་བསམ་གཞིག་བྱས།

    ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་།

     སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད།

    གཏེར་ལེན་ཁའི་ལྷོ་འདབས་སུ་ཡོད་པའི་མཚོ་སྔོན་ཧྭ་ཧུའེ་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ། ཚ་ཚ་འུར་འུར་ངང་ཐོན་སྐྱེད་བྱེད་བཞིན་པའི་རླུང་འཁོར་གྱི་ཀ་བ་དང་འོད་ཤུཌ་ཀྱི་སྒྲོམ་མཚོ་སྔོན་ལྟེ་བའི་ཚོད་འཛིན་གཏེར་ལེན་ཁ་ཡི་ཀྲའོ་ཝ་50ཡི་ཉི་འོད་གློག་ཁང་སོགས་ཉི་འོད་རྟེན་གཞི་དང་རླུང་གློག་རྟེན་གཞིར་སྐྱེལ་རྒྱུ་རེད།

     ཧྭ་ཧུའེ་ནུས་རྒྱུ་གསར་པ་ཀུང་སི་གཏེར་ལེན་ཁ་རུ་གཞི་ཚུགས་ནས་ལོ་མང་སོང་ཞིང་། དང་ཐོག་མར་སྲོལ་རྒྱུན་གྱི་ངར་ལྕགས་ཐོན་རྫས་ཐོན་སྐྱེད་བྱེད་མོད། འོན་ཀྱང་ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་མེད་ལ། ལས་སྒོ་རྐྱང་པ་ཡིན་པས་ཀུང་སི་མུ་མཐུད་འཕེལ་རྒྱས་འགྲོ་ཐབས་བྲལ། མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་ཁྲོམ་ར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཁྲོམ་རའི་གོ་སྐབས་མཐོང་རྗེས། ཧྭ་ཧུའེ་ཡིས་ནུས་རྒྱུ་གསར་པའི་ལེ་ལག་ཐོན་ལས་འཕེལ་རྒྱས་བཏང་ནས་ལོར་རླུང་ཤུགས་སྒྲོམ་1000ཐོན་སྐྱེད་ཐུབ་པའི་འཁོར་ཁང་9དང་ལོ་རེར་ནུས་རྒྱུ་གསར་པའི་རིག་ནུས་ཤེལ་སྒྲོམ་ཆ་ཚང་ཁྲི་15ཐོན་སྐྱེད་ཐུབ་པའི་འཁོར་ཁང་4བསྐྲུན་པ་རེད།

     ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐུབ་ནས་སྟོད་རྒྱུད་དུ་དམིགས་བསལ་ཤེལ་དང་། སྭེལ། ངར་ལྕགས་སོགས་སྲོལ་རྒྱུན་ལས་རིགས་ལ་ཁྱབ་པ་མ་ཟད། རྒྱུ་ཆ་གསར་པ་དང་། ཞིབ་ཚགས་སྒྲིག་ཆས། རིག་ནུས་ཚོད་འཛིན་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ཡོད། “འོད་ཤུགས་ཐོན་ལས་ལ་མཚོན་ན། ང་ཚོས་སྟོད་རྒྱུད་ཐོན་རྫས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། དཀྱིལ་སྣེའི་ལྷུ་ཚིགས་ཁག་གི་ཐོན་རྫས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྨད་རྒྱུད་ཀྱི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ། འོད་ཤེལ་དང་། འོད་ཤུགས་ལྷུ་ལག སྒྲོམ་སོགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འོད་ཤུགས་གློག་ཁང་དང་དེ་བཞིན་ལེ་ལག་ཚང་བའི་ཐོན་རྫས་ཁྱབ་ཁོངས་སུ་རྒྱ་སྐྱེད་མགྱོགས་སུ་གཏོང་བ། ལེ་ལག་ཚང་བའི་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆ་ལག་ཚང་ལ་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཐོན་ལས་བསྐྲུན་ཡོད” འཁོར་འབྲེལ་སྟོབས་ཆེར་གཏོང་བ་དང་། འཁོར་འབྲེལ་གསབ་པ། འཁོར་འབྲེལ་སྣུར་སྲིང་བཅས་བྱས་པར་བརྟེན། ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཁག་གཅིག་བསྟུད་མར་གཏེར་ལེན་ཁར་གཞི་ཚུགས་ཏེ་ཐོན་ལས་ཀྱི་གཞི་ཁྱོན་རིམ་གྱིས་གྲུབ་པ་མ་ཟད། རིམ་གྱིས་སྟོབས་ཆེར་ཕྱིན་ཡོད་ཅེས་ཝང་ཧྲའོ་ཁྲུན་གྱིས་ངོ་སྤྲོད་བྱས།

    གསར་གཏོད་ལ་རྩེར་སྙེགས་བྱས།

    འཕེལ་རྒྱས་ཀྱི་སྒུལ་ནུས་མུ་མཐུད་འཕེལ་བ།

     མཚོ་སྔོན་མིང་དབྱང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་བཟོ་སྐྲུན་འཁོར་ཁང་དུ་ལས་བཟོ་ཚོས་རླུང་འཕྲུལ་གློག་སྐུད་བྲེལ་འཚུབ་ཆེན་པོས་ཐོན་སྐྱེད་བྱེད་བཞིན་འདུག

     “ཐོན་སྐྱེད་ལག་རྩལ་དེ་ང་ཚོར་མ་གཏོགས་མེད་པས་ང་ཚོའི་ཐོན་རྫས་བྲིན་མི་ཐུབ་པའི་སེམས་ཁྲལ་མེད” ཁེ་ལས་ཀྱི་འགན་འཁུར་བས། ས་མཐོར་འཚམ་པའི་རླུང་གློག་འཕྲུལ་ཚན་རང་རྟེན་ཞིབ་སྤེལ་བྱེད་པར་དམིགས་ཏེ། བློས་འགེལ་ཆོག་པ་དང་། གློག་གཏོང་ཤུགས་ཆེ་བ། རིག་ནུས་ཚོད་འཛིན་བཅས་གསར་གཏོད་ཀྱི་འགག་རྩར་བརྩི་བ་དང་། རླུང་ཤུགས་དམའ་བ་དང་། སྟུག་ཚད་དམའ་བ། ས་བབ་མཐོ་བ། གློག་གཏོང་ཤུགས་ཆེ་བ་སོགས་མཚོ་སྔོན་གྱི་ས་མཐོའི་ཁོར་ཡུག་གི་ཁྱད་ཆོས་དང་བསྟུན་ནས་ཐོན་སྐྱེད་བྱས་པའི་རླུང་འཕྲུལ་ཆེ་གྲས་ཀྲའོ་ཝ་5ནས་ཀྲའོ་ཝ་10ཡིས་རླུང་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་ཆ་རྐྱེན་དེ་སྐར་ཆ་རེར་ཆེས་དམའ་ཤོས་ཀྱི་རླུང་ཤུགས་སྨི་6.5ནས་སྐར་ཆ་རེར་སྨི་4.5མན་དུ་གཅོག་ཐུབ་ཀྱི་ཡོད། མིག་སྔར་མིང་དབྱང་ནུས་རྒྱུ་གསར་པས་མཚོ་ནུབ་ཏུ་ས་མཐོའི་རླུང་ཤུགས་དམའ་བའི་ཚོད་ལྟའི་རྟེན་གཞི་བསྐྲུན་ཡོད།

    གསར་པ་ནི་གཏེར་ལེན་ཁས་ཕྱོགས་སྒྱུར་དོན་གཉེར་བྱེད་པའི་ཤུགས་རྒྱག་ས་ཞིག་ཡིན།

    འོད་ཤུགས་དང་། རླུང་གློག ནུས་གསོག ཆིང་ནུས་སོགས་ཐོན་ལས་འཁོར་འབྲེལ་གྱི་གཙོ་གནད་བཀོད་པར་དམིགས་ནས། གསར་དར་ཐོན་ལས་གཅིག་སྡུད་ཀྱི་ཕན་ནུས་མུ་མཐུད་ཆེ་རུ་ཕྱིན་པ་སྟེ། ཀྲུང་ཁྲེ་གཏེར་ལེན་ཁ་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་གི་དུས་ཐེངས་དང་པོ་དང་། ནན་པའོ་ཏུན་5ཡི་ཤེལ་སྭེལ་གཙང་མའི་རྣམ་གྲངས། ལའེ་ཏེ་པའོ་ཡི་ལོ་རེར་ཅི་ཝ་20ཐོན་པའི་ཤེལ་རྐྱང་འཐེན་དབྱུག་རྣམ་གྲངས་སོགས་རྣམ་གྲངས་གསར་པ་དང་ཐོན་ལས་གསར་པ་རིམ་གྱིས་གཞིས་ཆགས་ཡོད།

    གཏེར་ལེན་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་སུའེ་ཤའོ་པོས“‘གཏེར་ལེན་ཁ་ཡིས་ད་ཡོད་ཀྱི་འོད་ཤུགས་ཐོན་ལས་ལ་བརྟེན་ནས་སྭེལ་རྒྱུ་ཆ་དང་། སྭེལ་ལེབ། འོད་ཤུགས་གློག་རྫས། འོད་ཤུགས་ལྷུ་ལག+ལེ་ལག་ཐོན་ལས’འཕེལ་རྒྱས་གཏོང་བ་དང་། རླུང་གློག་ཐོན་ལས་འཁོར་འབྲེལ་སྣེ་ཁྲིད་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་བཏོན་ཏེ་གསར་དར་ཐོན་ལས་སྤུས་འབྲས་ལེགས་སུ་དང་རིམ་པ་མཐོ་རུ་བཏང་སྟེ་གཏེར་ལེན་ཁའི་སྤུས་རྟགས་དེ་བས་མང་བ་གཏོད་ཀྱི་ཡིན”ཞེས་བརྗོད།