གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་21ཉིན། 12:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་དགོང་མོར“རི་མཚོ་བརྒལ་བའི”རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ཤང་ཀང་ཤིས་ཧྲ་GOPARKརུ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་གངས་ལྗོངས་རྒོད་ཕྲུག་རུ་ཁག་དང་ཤང་ཀང་ཤར་ཕྱོགས་ལུས་རྩལ་ལྷན་ཚོགས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྗེས་གྲབས་རུ་ཤོག་U16གཉིས་པོས་སྤང་ཐང་དུ་སྤོར་རྩལ་འགྲན་ནས་གྲོགས་པོ་བསྒྲིགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དེ་ནི“རི་མཚོ་བརྒལ་ནས་སྤོ་ལོའི་གྲོགས་པོ་སྒྲིག”ཅེས་པའི་བོད་དང་ཤང་ཀང་གི་གཞོན་ནུ་ལོ་ཆུང་དབར་གྱི་རྐང་རྩེད་སྤོ་ལོའི་སྤེལ་རེས་བྱེད་སྒོའི་གྲུབ་ཆ་ཞིག་ཡིན་པ་དང་། བྱེད་སྒོ་དེ་ཚེས་17ནས་21ཉིན་བར་ཤང་ཀང་དུ་སྤེལ་རྒྱུ་ཡིན་པ། དེའི་དམིགས་ཡུལ་ནི་ཤང་ཀང་དང་བོད་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་རིག་གནས་ལུས་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
དེ་ཉིན་ཕྱོགས་གཉིས་པོས་རང་སོའི་སྤོར་རྩལ་ཡོད་ཚད་ངོམས་ནས་རྐང་རྩེད་སྤོ་ལོ་རྒྱག་རྩལ་ཕུལ་བྱུང་དང་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་སྙིང་སྟོབས་མངོན་པར་བྱས་པར། ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད། མཐར་ཤང་ཀང་ཤར་ཕྱོགས་ལུས་རྩལ་ལྷན་ཚོགས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྗེས་གྲབས་རུ་ཤོག་U16ལ་རྒྱལ་ཁ་ཐོབ་པ་དང་། འགྲན་བསྡུར་མཇུག་འགྲིལ་རྗེས་ཕྱོགས་གཉིས་ཀྱི་སྤོ་ལོ་བ་ཚོས་དྲན་རྟེན་མཉམ་པར་བརྒྱབ་པ་རེད།
འགྲན་བསྡུར་བྱེད་རིང་སྤོ་ལོ་བླུག་མཁན་བོད་ཀྱི་གཞོན་པ་ཡོན་ཏན་རྒྱ་མཚོས“ཤང་ཀང་གི་སྤོ་ལོ་བ་ཚོ་ཕན་ཚུན་གཞོགས་འདེགས་མཁས་པོ་འདུག ང་རང་གིས་སྤོ་ལོ་བླུག་ཐུབ་པ་ངོ་མ་བསམ་ཡུལ་ལས་འདས་སོང”ཞེས་བཤད། སྤོ་ལོ་རུ་ཁག་གི་འགན་འཁུར་བ་ཡའོ་ཡུང་ཀང་གིས། མཛའ་གྲོགས་འགྲན་བསྡུར་གྱིས་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་ལུས་རྩལ་གྱི་འཇོན་ཐང་ངོམ་པ་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྟེགས་བུ་ཞིག་བཏོད་པ་མ་ཟད། རྐང་རྩེད་སྤོ་ལོའི་འབྲེལ་ཐག་དེ་བརྒྱུད་ཕན་ཚུན་དབར་གྱི་སྤེལ་རེས་ཟབ་ཏུ་ཕྱིན་འདུག་ཅེས་བཤད།
ཤང་ཀང་ཤར་ཕྱོགས་ལུས་རྩལ་ལྷན་ཚོགས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྗེས་གྲབས་རུ་ཤོག་U16གི་རྩལ་ཁྲིད་པ་ལེང་ཀྲེན་པང་གིས“ཐག་རིང་ནས་ཡོང་བའི་བོད་ཀྱི་གྲོགས་པོ་དང་འགྲན་བསྡུར་བྱེད་པའི་གོ་སྐབས་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཁོ་ཚོའི་ལུས་ཤེད་དང་རྒྱུག་ཤེད་ཆེན་པོ་འདུག ང་ཚོ་དེའི་ཐད་ད་དུང་ཤུགས་སྣོན་རྒྱག་དགོས་ཀྱི་འདུག”ཅེས་བཤད། ཁོང་གིས་ད་ལོ་གོ་སྐབས་བྱུང་ན་བོད་དུ་འཚམས་ལན་སྤེལ་རེས་བྱེད་པར་བསྐྱོད་ནས་མུ་མཐུད་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་རྒྱུས་ལོན་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
བོད་དང་ཤང་ཀང་གི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྤེལ་རེས་བྱེད་སྒོ་དེ་སཱ་མཱ་ལན་ཆི་ལུས་རྩལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་ཤང་ཀང་ལུས་རྩལ་མནའ་འབྲེལ་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ཙི་ཅིན་དུས་དེབ་ཚོགས་པ། བོད་ལྗོངས་5100སློབ་གསོ་འཕེལ་རྒྱས་ཆེད་དོན་ཐེབས་རྩ་བཅས་ཀྱིས་རྒྱབ་སྐྱོར་བྱས་པ་་རེད།