གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་20ཉིན། 15:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧོ་དབྱིན།
མིག་སྔར། ཕྱོགས་རྐྱང་རིང་ལུགས་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་སྲུང་སྐྱོང་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཀྱི་མདུན་ལམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། དེས་ན། ཡོ་ལང་ཆེ་བའི་འཛམ་གླིང་ལ་ཁ་ཚ་དགོས་གཏུགས་སུ་མཁོ་བ་ནི་བརྟན་ལྷིང་རང་བཞིན་གྱི་སྟོབས་ཤུགས་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་རེད།
མི་རིང་བའི་གོང་། ཕྱི་རྒྱལ་གྱི་མཁས་དབང་ཞིག་གིས་ཀྲུང་གོ་ནི“ནུས་པ་འདོན་མཁན་གྱི་རྒྱལ་ཁབ་ཆེན་པོ”ཞིག་ཡིན་ཞེས་བརྗོད་ཡོད། “ནུས་པ་འདོན་མཁན་གྱི་རྒྱལ་ཁབ་ཆེན་པོ”ཞེས་པ་ལས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་དང་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲིར་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད།
“ནུས་པ་འདོན་པ”ཞེས་པར་འདུས་པའི་འདུ་ཤེས་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་འཆམ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ལ་བརྩི་འཇོག་བྱེད་པའི་བསམ་བློའི་དབར་འདྲ་བའི་ཆ་ཡོད། “རང་ཉིད་རྣམ་པར་རྒྱལ་དགོས་ན། སྔོན་ལ་གཞན་ཉིད་རྒྱལ་ཐབས་བྱོས། གཞན་གྱི་བསམ་ཤེས་ཐོབ་འདོད་ན། སྔོན་ལ་གཞན་ལ་བསམ་ཤེས་བྱོས”ཞེས་པ་སོགས་གང་ཡིན་རུང་། དེ་ལས་རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གཞན་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་དགོས་པ་ནན་བཤད་བྱས་པའམ། ཡང་ན“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ”ཞེས་པས་མི་གཞན་ལ་རོགས་རམ་བྱེད་པའི་འགག་རྩ་ནི་ཁོང་ཚོའི་འཇོན་ཐང་ཆེ་རུ་གཏོང་རོགས་བྱེད་དགོས་པ་ནན་བཤད་བྱས་ཤིང་། དོན་དམ་དུའང་ཀྲུང་གོས་གནའ་སྔ་མོ་ནས་བཟུང་མཐུན་སྦྱོར་དང་མཉམ་ལས་ལ་བརྟེན་ནས་ཐུན་མོང་འཕེལ་རྒྱས་ཡོང་བར་བྱས་ཡོད།
“ནུས་པ་འདོན་པའི”དོན་དངོས་ཀྱི་ནང་དོན་ལས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། ཆུ་ཚད་མཐོ་པོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་འགན་འཁྲི་ཆེན་པོ་འཁུར་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་སྤྱི་པའི་ཐོན་རྫས་མཁོ་འདོན་ཧུར་ཐག་བྱས་ནས། འཛམ་གླིང་འཕོ་འགྱུར་ཁྲོད་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་མཐའ་གཅིག་ཏུ་བྱེད་བཞིན་ཡོད།
ཀྲུང་གོས་གོམ་ཞེང་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཕྱོགས་གང་ཐད་ནས“ནུས་པ་འདོན་པའི”ཁྱད་ཆོས་མངོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ངོ་བོའི་བླང་བྱར་བྱས་པ་དེས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་དགོས་པའི་གཏན་འཁེལ་བྱས་ཡོད། ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་པའོ་ཧྲའོ་ཧྲན་གྱིས། འཛམ་གླིང་སྣེ་མང་ཅན་གྱི་དུས་རབས་སུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ནུས་པ་འདོན་མཁན་ཞིག་བྱེད་དགོས་ན། ལྟེ་བ་ཅན་དོར་བ་དང་དོ་སྙོམས་ཀྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས། མི་རིགས་བསྐྱར་དར་དང་ཞི་བདེ་ཧུར་ཐག་ཡོང་བར་བྱེད་དགོས་ཞེས་གཏན་ལ་འཁེལ་བའི་ལན་ཁ་གསལ་བཏབ་ཡོད།
ཆུ་ཚད་མཐོ་པོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་གསར་གཏོད་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོའི་ཁྲོམ་རས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་ནུས་པ་བཏོན་ཡོད། རྒྱ་ཆེ་བའི་འཛད་སྤྱོད་ཀྱི་ཚོགས་སྤྱི་དང་རྒྱུན་མཐུད་འཕར་བཞིན་པའི་འཛད་སྤྱོད་ཀྱི་དགོས་མཁོའི་དབང་གིས“ཀྲུང་གོའི་ཁྲོམ་ར”དེ“འཛམ་གླིང་གི་ཁྲོམ་རར”གྱུར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་བྱེད་ཐབས“གཙང་སེལ”ལ་སྐུལ་འདེད་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་བཏང་ནས། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་འཕེལ་རྒྱས་ཆེས་འགོར་བའི་རྒྱལ་ཁབ་ཚང་མའི་ཁྲལ་རིགས་ཐོན་རྫས་100%ལ་སྒོ་ཁྲལ་མེད་པར་བཟོས་ཏེ། ཆུ་ཚད་མཐོ་པོས་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་པའི་ཀྲུང་གོས་བློ་རྒྱ་ཆེན་པོས་འཛམ་གླིང་ལ་གཞི་ཁྱོན་ཚད་བརྒལ་གྱི་ཁྲོམ་རའི་ཁེ་སྤོགས་སྤྲད་ནས། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་དེ་བས་ཆེ་བ་མཁོ་འདོན་བྱེད་བཞིན་ཡོད།
མིའི་རིགས་ཀྱི་ལས་དབང་མཉམ་གནས་ཡིན་པའི་དེང་གི་དུས་སུ། ཀྲུང་གོས“ནུས་པ་འདོན་མཁན་གྱི་རྒྱལ་ཁབ་ཆེན་པོ”ཞིག་མཐའ་གཅིག་ཏུ་བྱས་ཏེ། སྒོ་དབྱེ་དང་། བསྟུན་མཁས། གསར་གཏོད། མཉམ་ལས་བཅས་ཀྱི་སྙིང་སྟོབས་དར་སྤེལ་དང་། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “གོ་ལ་ཧྲིལ་པོ་ཕྱར་བ་གྲུ་འདེགས”དང་། མཐུན་སྒྲིལ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་དུས་རབས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།