གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 11:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་སྐབས་སོ་བརྒྱད་པར་གློག་འཕྲིན་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔའི་འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྒྱལ་སྤྱིའི་དུས་བབ་ལ་ཕྱོགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཡིས་མཚོན་བྱེད་དུ་བྱས་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རིམ་བཞིན་སྟོབས་ཆེར་ཕྱིན་ཡོད། འདས་ཟིན་པའི་ལོ་གཅིག་རིང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅག་པ། “ཨ་ཧྥེ་རི་ཁའི་སྐད་སྒྲ”མཐའ་གཅིག་ཏུ་གྲགས་པ་བཅས་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་ཁྲིད་སྟོན་བྱས་ཡོད། རང་བཙན་རང་བདག་དང་འཕེལ་རྒྱས་དར་རྒྱས་ཀྱི་འགྲོ་ལམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་སྙིང་དབུས་ནས་སྨོན་འདུན་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2024ལོ་ནི་ཀྲུང་ཧྥེའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་ལོ་ཞིག་རེད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་དུས་མཚམས་གསར་པ་འགོ་ཚུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་ཀྱི་མདུན་གྲལ་དུ་མུ་མཐུད་བསྐྱོད་ཡོད། ངས་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མཉམ་དུ་ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་འདོད་ཚུལ་ཆེན་པོ་དྲུག་དང“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་ཀྲུང་ཧྥེའི་མི་དམངས་དུང་ཕྱུར་28ལྷག་ཙམ་ལ་བདེ་སྐྱིད་སྐྲུན་འདོད་ཡོད།