གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 11:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་2024ལོའི་དུས་ཚིགས་བཞི་པ་དང་ལོ་ཧྲིལ་པོའི་རྒྱལ་སྤྱིའི་གཏོང་ཡོང་དོ་མཉམ་རེའུ་མིག་གི་གྲངས་གཞི་ཁྱབ་བསྒྲགས་རགས་ཙམ་བྱས་པ་རེད། 2024ལོར། རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་ཨ་སྒོར་དུང་ཕྱུར་4220ཟིན་པའི་ནང་དངོས་ཟོག་ཉོ་ཚོང་གི་དྲང་ཁྱད་ཨ་སྒོར་དུང་ཕྱུར་7679དང་ཞབས་ཞུ་ཉོ་ཚོང་གི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་2288ཡིན་པ་རེད། མ་རྩ་དང་དངུལ་རྩའི་རྩིས་ཁྲའི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་4416ཡིན་པ་རེད།
2024ལོར་རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲར་ཁྱད་ཆོས་གང་ཞིག་ཡོད་དམ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ལི་པིན་གྱིས་2024ལོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ་པ་མུ་མཐུད་རྒྱུན་འཁྱོངས་བྱུང་བའི་ནང་རྒྱུན་གཏན་གྱི་རྩིས་ཁྲའི་དྲང་ཁྱད་ཨ་སྒོར་དུང་ཕྱུར་4220ཡིན་པ་དང་དུས་མཚུངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)གྱི་བསྡུར་ཚད་2.2%ཟིན་ནས་ལུགས་མཐུན་དང་དོ་མཉམ་གྱི་ཁྱབ་ཁོངས་སུ་གནས་ཡོད་ཅེས་བཤད་པ་སྟེ། གཅིག་ནི་དངོས་ཟོག་ཉོ་ཚོང་གི་དྲང་ཁྱད་ཀྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་ཡོད། 2024ལོར། རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གི་དགོས་མཁོའི་དངོས་ཟོག་ཉོ་ཚོང་གི་དྲང་ཁྱད་ཨ་སྒོར་དུང་ཕྱུར་7679ཡིན་པ་དེ་2023ལོ་ལས་29%འཕར་བའི་ནང་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ཨ་སྒོར་དུང་ཕྱུར་34091 ཟིན་ནས་7%འཕར་བ་དང་ནང་འདྲེན་ཨ་སྒོར་དུང་ཕྱུར་26412ཟིན་ནས་2%འཕར་ཡོད།
གཉིས་ནི་ཞབས་ཞུ་ཉོ་ཚོང་གི་ལྡོག་ཁྱད་ཅུང་འཕར་ཡོད། 2024ལོར། ཞབས་ཞུ་ཉོ་ཚོང་གི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་2288ཟིན་ནས་2023ལོ་ལས་10%འཕར་ཡོད། ཕྱི་རྒྱལ་གྱི་མི་སྒེར་ཀྲུང་གོར་ཡོང་བ་དང་མངའ་ཁོངས་ནང་གི་མི་སྒེར་རྒྱལ་མཚམས་ནས་ཡུལ་སྐོར་དུ་སྐྱོད་མཁན་འཕར་ཅུང་མགྱོགས་པས། ཡུལ་སྐོར་ཡོང་འབབ་དང་འགྲོ་སོང་61%དང་27%སོ་སོར་འཕར་བར་སྐུལ་ཁྲིད་ཐུབ་ཡོད། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ཉོ་ཚོང་ཡང་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པའི་ནང་གློག་འཕྲིན་དང་། རྩིས་འཁོར། ཆ་འཕྲིན་ཞབས་ཞུ་བཅས་ཀྱི་དྲང་ཁྱད་ཨ་སྒོར་དུང་ཕྱུར་248དང་བློ་འདྲི་དང་བརྡ་ཁྱབ་སོགས་ཚོང་ལས་ཞབས་ཞུ་གཞན་དག་གི་དྲང་ཁྱད་ཨ་སྒོར་དུང་ཕྱུར་415ཟིན་ནས་29%དང་9%སོ་སོར་འཕར་ཡོད།
2024ལོར་རང་རྒྱལ་གྱི་ཕྱོགས་གཉིས་ཀྱི་རྒྱལ་སྒྲོལ་མ་འཇོག་ལ་ཁྱད་ཆོས་གང་ཞིག་ཡོད་དམ། ལི་པིན་གྱིས་ངོ་སྤྲོད་བྱས་པར། 2024ལོར། རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་དང་གྲབས་གསོག་རང་བཞིན་མིན་པའི་དངུལ་རྩའི་རྩིས་ཁྲའི་ལྡོག་ཁྱད་རང་བརྟེན་དོ་མཉམ་དང་ཕྱོགས་གཉིས་ཀྱི་རྒྱལ་སྒྲོལ་མ་རྩའི་འཁོར་རྒྱུག་སྤྱི་ཡོངས་ནས་གོ་རིམ་ལྡན་པ་ཞིག་ཡོད་དེ།
གཅིག་ནི་མངའ་ཁོངས་ནང་གི་བྱེད་པོའི་ཕྱི་རྒྱལ་གྱི་རྒྱུ་ནོར་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཡོད། རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་ལས་མ་དངུལ་གཙང་འཕར་བྱུང་བ་དེ་རྒྱལ་སྤྱིའི་གཏོང་ཡོང་ཐོག་ནས་བལྟས་ན། གཙོ་བོ་མངའ་ཁོངས་ནང་གི་བྱེད་པོའི་ཕྱི་ཕྱོགས་སུ་མ་དངུལ་གཏོང་རྒྱུ་དེ་མཚུངས་ཀྱིས་འཕར་བ་དང་དོ་མཉམ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཁེ་ལས་ཀྱི་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་གྱི་རྣམ་པ་མགྱོགས་སུ་ཕྱིན་ནས་2024ལོར་རང་རྒྱལ་གྱི་ཕྱི་ཕྱོགས་རྐང་དབང་གི་ངོ་བོའི་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར་1302གཙང་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཕྱི་རྒྱལ་གྱི་རྐང་འཛིན་དང་བུན་འཛིན་ལ་མ་འཇོག་བྱེད་ཚད་ལའང་འཕར་སྣོན་བྱུང་བ། ཕྱི་རྒྱལ་གྱི་རྒྱུ་ནོར་དང་རྒྱུ་ནོར་ཁེར་གཙང་གི་གཞི་ཁྱོན་བརྟན་པོའི་ངང་འཕར་བ་བཅས་བྱུང་ཡོད།
གཉིས་ནི་ཀྲུང་གོར་ཐད་ཀའི་མ་འཇོག་བྱེད་ཚད་རྒྱུན་འཁྱོངས་ཐུབ་ཡོད། 2024ལོར། ཀྲུང་གོར་རྐང་དབང་གི་ངོ་བོའི་ཐད་ཀའི་མ་འཇོག་ཁྲོད་གསར་འཕར་བྱུང་བའི་མ་རྩ་ཨ་སྒོར་དུང་ཕྱུར་908ཟིན་པའི་ནང་དུས་ཚིགས་བཞི་པར་ཕྱིར་གཏོང་གི་གཞི་ཁྱོན་དུས་ཚིགས་དང་པོ་ནས་གསུམ་པ་བར་མངོན་གསལ་དོད་པོས་འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བལྟོས་བཅས་ཀྱིས་མཐོ་ཙམ་དང་ས་ཁོངས་ནང་གི་མ་དངུལ་བསྡུ་སྒྲིལ་སྟབས་བདེ་རུ་ཕྱིན་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ཏེ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་ཁག་གཅིག་གིས་ས་གནས་དེ་གའི་མ་དངུལ་བསྡུ་སྒྲིལ་བྱེད་མང་དུ་གཏོང་བ་དང་ཕྱི་རྒྱལ་གྱི་དངུལ་བུན་ཉུང་དུ་གཏོང་བའམ་ཡང་ན་དངུལ་བུན་འཇལ་རྒྱུར་ཕྱོགས་ཀྱི་ཡོད་པས། ཀྲུང་གོར་བུ་ལོན་གྱི་ངོ་བོ་ལྡན་པའི་ཐད་ཀའི་མ་འཇོག་ལ་དུས་མཚམས་རང་བཞིན་གྱི་ཕྱིར་གཏོང་ཁེར་གཙང་མངོན་ཡོད།