གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 11:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་14ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་1359.6ཟིན་པ་དང་། ཟླ་1ཚེས་14ཉིན་དཔྱིད་གསར་སྐྱེལ་འདྲེན་བྱས་ཚུན་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་4.13དབོར་ཡོད། དེའི་ཁྲོད། ཟླ་2ཚེས་3(ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་དྲུག)ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་1645.4ཟིན་པ་དང་། ཟླ་2ཚེས་4(ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་བདུན)ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་1704ཟིན་ནས་དཔྱིད་གསར་སྐྱེལ་འདྲེན་རིང་ཉིན་གཅིག་རང་ལ་འགྲུལ་པ་དབོར་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཐེངས་གཉིས་བཏོད་ཡོད། རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་ཟླ་2ཚེས་15ཉིན། སྔོན་དཔག་བྱས་ན་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་1550ཟིན་བཟོ་ཡོད་པས་འགྲུལ་སྐྱེལ་མེ་འཁོར་1145ཁ་སྣོན་བྱེད་རྩིས་ཡོད་པ་རེད།
དང་པོའི་བཅོ་ལྔའི་དུས་ཆེན་ཚར་རྗེས། ལྕགས་ལམ་ནས་དཔྱིད་གསར་སྐྱེལ་འདྲེན་རིང་། འགྲུལ་པ་དབོར་ཚད་སླར་ཡར་འཕར་ནས་རེས་སྐོར་གསར་པའི་ཕྱིར་ལོག་བྱེད་མཁན་མང་བའི་དུས་སུ་སླེབས་ཡོད། ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་རེས་སྐོར་གསར་པའི་འགྲུལ་བཞུད་བྱེད་མང་བར་ཁ་གཏད་ཧུར་ཐག་བཅག་ནས་འགྲུལ་བཞུད་མང་སའི་ཁ་ཕྱོགས་དང་། དུས་མཚམས། བར་མཚམས་བཅས་ལ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་པ་བདེ་འཇགས་ལྡན་པ་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་ཕྱིར་ལོག་བྱེད་པར་རམ་འདེགས་བྱས་ཡོད།(ཚེ་དབང་ལྷ་མོས་བསྒྱུར། བསོད་བདེ་རྒན་པས་ཞུས)