ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 11:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་4པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས》ཞེས་པ་བཀོད་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བས། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་བསྐྲུན་ནས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག་མཐོང་དགོས་པ་ཞིག་ལ། ཏང་ནང་ཁུལ་དུ་བསམ་བློ་གཙང་མ་མེད་པ་དང་། རྩ་འཛུགས་གཙང་མ་མེད་པ། སྤྱོད་ཚུལ་གཙང་མ་མེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ད་དུང་རྩ་བའི་ཆ་ནས་ཐག་གཅོད་ཐུབ་མེད་པ་དང་། རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་མ་ཟད། གནས་ཚུལ་གསར་པ་དང་གནད་དོན་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པ་དང་། ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ཡུན་རིང་གནས་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད། ཏང་ཡོངས་ཀྱིས་ངེས་པར་དུ“རྒྱུགས་འབུལ་ལམ་བུར”སྐྱོད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྟག་ཏུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ཐབས་ལམ་ནུས་ལྡན་ཞིག་ལ་བརྩིས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། ཏང་གི་འཛུགས་སྐྱོང་ཁག་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་ཕྱོགས་བསྡུས་ཤུགས་རྒྱག་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་ཏང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་རྩ་བའི་གཞི་འཛིན་སར་བརྩིས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ནང་དོན་ཕྱོགས་ཡོངས་ལ་ཁྱབ་པ་དང་། སློབ་གསོ་གཏོང་ཡུལ་ཡོངས་ལ་ཁྱབ་པ། འགན་འཁྲི་འབྲེལ་ཐག་ཧྲིལ་པོར་ཁྱབ་པ། ལམ་ལུགས་ཕྱོགས་ཡོངས་ལ་འབྲེལ་མཐུད་ཐུབ་པ་བཅས་ལ་སྐུལ་འདེད་བཏང་ནས། རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། ནུས་པ་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།
རྩོམ་ཡིག་ནང་ཕྱོགས་5ཡི་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་ལ་བཀོད་སྒྲིག་བྱས་ཤིང་། དང་པོ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་འགོ་ཁྲིད་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པར། ཏང་གི་ཀྲུང་དབྱང་རྩ་འཛུགས་དང་། ས་གནས་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་ཚང་མ་ངེས་པར་དུ་སྟོབས་དང་ལྡན་ཞིང་བདེ་བླག་ངང་འཁོར་སྐྱོད་བྱེད་དགོས། ཏང་གི་རྩ་འཛུགས་མ་ལག་ཚགས་དམ་དུ་གཏོང་བ་དང་། ཏང་གི་རིམ་ཁག་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་ནས་མུ་མཐུད་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ། ཏང་གི་རྩ་འཛུགས་མ་ལག་ཚགས་དམ་པོ་ཡོང་བའི་འགག་རྩ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། རྩ་བ་ནི“སྲུང་སྐྱོང་གཉིས”ཐུབ་པར་བྱེད་རྒྱུ་དེར་ཐུག་ཡོད། གཉིས་པ། གཞི་བརྟན་བསམ་འཕེལ་དང་བློ་སྒྲིལ་སེམས་སྐྱེད་ཀྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ཚེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གཞི་ནས་འདེགས་སྐྱོར་བརྟན་པོ་བྱེད་ཐུབ། ངེས་པར་དུ་རྨང་གཞི་ཡིན་པའི་བསམ་བློ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་ཏང་གཤིས་སློབ་གསོར་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་དང་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་དང་བྱེད་ཕྱོགས་རང་རྟོགས་ངང་བྱ་སྤྱོད་ལ་སྒྱུར་བར་ཁྲིད་སྟོན་བྱེད་དགོས། གསུམ་པ། གནད་སྨིན་ཤུགས་འདོན་དང་རྩ་ལག་མཉམ་བཅོས་ཀྱི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་ནི་དངོས་འབྲེལ་དོ་དམ་དང་དངོས་འབྲེལ་ནན་པོ་བྱེད་རྒྱུ་དེ་ཡིན་པ་དང་། གནད་འགག་ནི་གནད་སྨིན་ཇུས་བསྟར་བྱེད་རྒྱུ་དེ་ཡིན། ཏང་གི་གནས་ཚུལ་དང་ཏང་སྲོལ་གྱི་འཕེལ་ཕྱོགས་གསར་པར་དོ་ཁུར་དམ་ཟབ་དང་དབྱེ་ཞིབ་ཞིབ་དཔྱད་བྱས་ཏེ། གནད་དོན་ལ་དམིགས་ནས་སྐྱོད་པ་དང་འབྱུང་རྩར་དམིགས་ནས་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ལག་མཉམ་བཅོས་བྱས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། བཞི་པ། ཚན་རིག་དང་མཐུན་ལ་ཆ་ཚང་ཞིང་ཕན་ནུས་གོ་ཆོད་ལྡན་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་རང་བཞིན་དང་རྩ་དོན་རང་བཞིན་ལ་ངེས་པར་དུ་ཚན་རིག་དང་མཐུན་པའི་འཐུས་ཚང་གི་ལམ་ལུགས་ཆ་ཚང་ཞིག་གིས་ཚད་ལྡན་བཟོ་དགོས། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ་དང་། ཏང་གི་འཛུགས་སྐྱོང་ཁག་དང་ཆ་འགྲིག་བྱས་ཏེ་ལམ་ལུགས་ཀྱི་རླུང་ཙེ་ཕྱོགས་ཡོངས་ནས་དམ་དུ་གཏོང་དགོས། དུས་མཚུངས་སུ་ལམ་ལུགས་རྙོག་འཛིང་ཆེ་དྲགས་པ་དང“ལམ་ལུགས་ཀྱི་དོང་རྙིའི”ནང་ཚུད་པར་སྔོན་འགོག་ཀྱང་བྱེད་དགོས། མ་ལག་འདུས་གྲུབ་ལ་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ཁག་འབྲེལ་ཟབ་གོང་བུར་འགྱུར་བར་བྱེད་དགོས། ལྔ་པ། བྱེད་པོ་དང་བླང་བྱ་ཁ་གསལ་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། ངེས་པར་དུ་རིམ་པ་དང་རིགས་དབྱེ་ནས་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། འགན་འཁྲི་ཁ་གསལ་དང་འགན་འཁྲི་ནན་དུ་བཏང་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་རྟོགས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་སྣེ་ཁྲིད་ཡག་པོ་དང་མིག་དཔེ་ཡག་པོ་བཏོན་ནས། རང་གཅུན་ནན་པོ་དང་། འགན་འཁྲི་ནན་ཁུར། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ཏེ། ཏང་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་བཅོས་སྐྱོང་ཡག་པོ་དང་འཛུགས་སྐྱོང་སྟོབས་ཆེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།
(ཉི་དོན་དང་བདེ་དབང་གིས་སྒྱུར་ཞུས་བྱས)