འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་16ཉིན།

༄༅།།རང་རྒྱལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་ཁང་ཁྲི་4.2ཙམ་ཡོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་16ཉིན། 18:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གསར་འགོད་པས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་ཁང་ཁྱོན་བསྡོམས་ཁྲི་4.2ཙམ་ཡོད་པ་དང་ཀྲུང་ལུགས་གསོ་རིག་ཁང་དེ་མང་ཚོགས་ཉེ་འགྲམ་གྱི་བདེ་ཐང“སྲུང་སྐྱོང་བར”གྱུར་ཡོད།

ཡོངས་བསྒྲགས་ཚོགས་འདུའི་གྲངས་གཞི་ལས་མངོན་པར། 2015ལོར་རྒྱལ་ཡོངས་སུ་ཀྲུང་ལུགས་གསོ་རིག་ཁང་3000ལྷག་ཙམ་ཡོད་པ་དང་། ད་ཆ་ཀྲུང་ལུགས་གསོ་རིག་ཁང་དེ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྤྱིར་ན་ཡོངས་སུ་ཁྱབ་པ་དང་། རྒྱལ་ཡོངས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་99.6%གིས་ཀྲུང་ལུགས་གསོ་རིག་གི་ཞབས་ཞུ་མཁོ་འདོན་ཐུབ་ཀྱི་ཡོད་པས། གཞི་རིམ་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་ཁྱབ་ཚད་མུ་མཐུད་རྒྱ་སྐྱེད་འགྲོ་བཞིན་ཡོད་པ་རེད།

དེ་དང་ཆབས་ཅིག ཀྲུང་ལུགས་གསོ་རིག་ཁང་གི་སྨན་བཅོས་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཏེ“ཡོད་པ་ནས་ལེགས་པའི་བར”མངོན་འགྱུར་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་ཆེད་ལས་ཀྱི་གྲོང་གསེབ་ཀྱི་མངགས་ཐོའི་གནས་གཏན་འཁེལ་གྱི་གསོ་རིག་སློབ་མ་སློབ་ཡོན་མི་དགོས་པར་གསོ་སྐྱོང་དང་། ཀྲུང་ལུགས་གསོ་རིག་ཁང་གི་རྐང་འཛིན་ཤེས་ལྡན་པ་གསོ་སྦྱོང་། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་རིགས་གཅིག་མཁས་དབང་གྲགས་ཅན་རྒྱུན་འཛིན་ལས་དོན་ཁང་འཛུགས་པ་སོགས་ཀྱི་རྣམ་གྲངས་མུ་མཐུད་སྤེལ་བ་དང་། ཀྲུང་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་རིགས་ཁག་6དང་རྣམ་གྲངས་10ཡན་གསོ་སྦྱོང་ཁྱབ་གདལ་བཏང་བ་དང་། ཀྲུང་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་མཁོ་འདོན་ཐུབ་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བསྡུར་ཚད་98%བར་མཐོ་རུ་ཕྱིན་ཡོད།

ཧྲའན་ཤིས་ཞིང་ཆེན་གྱིས་2018ལོ་ནས་ཞིང་ཆེན་ཡོངས་སུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་ཁང་ཁྱབ་པར་བྱས་ཡོད། ཧྲའན་ཤིས་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁུང་ཆུན་གྱིས་ངོ་སྤྲོད་བྱས་པར། 2012ལོ་ནས་བཟུང་རང་ཞིང་ཆེན་གྱིས་ལོ་13བསྟུད་མར་ཀྲུང་ལུགས་གསོ་རིག་ཁང་འཛུགས་སྐྲུན་གྱི་ཆེད་སྤྱོད་མ་དངུལ་གསོག་འཇོག་བྱས་ནས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2.2བཏང་སྟེ་ཀྲུང་ལུགས་གསོ་རིག་ཁང་1786བསྐྲུན་པ་རེད། གཞན་ཡང་། ཧྲའན་ཤིས་ཞིང་ཆེན་གྱིས་ད་དུང་ལོ་བདུན་བསྟུད་མར་མ་དངུལ་བཏང་ནས་ཀྲུང་ལུགས་གསོ་རིག་ཁང་ལ་རྐང་འཛིན་ཤེས་ལྡན་པ་1400ལྷག་ཙམ་གསོ་སྦྱོང་བྱས་པ་དང་། གཞི་རིམ་འཕྲོད་བསྟེན་ལག་རྩལ་པ་མི་ཐེངས་ཁྲི་3.52ལ་ཀྲུང་ལུགས་གསོ་རིག་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱས་ཏེ་གཞི་རིམ་ཀྲུང་ལུགས་གསོ་རིག་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཡོད།

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་སྨན་བཅོས་སྲིད་དོན་སིའི་སི་ཀྲང་གཞོན་པ་ཞིང་ཁྲའོ་ཡིས“མང་ཚོགས་ལ་ཀྲུང་ལུགས་གསོ་རིག་གི་ཞབས་ཞུ་ཇི་ཙམ་མང་བ་བསྒྲུབས་ཚེ་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་ཆུ་ཚད་རིམ་བཞིན་མཐོ་རུ་འགྲོ་ཐུབ། དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། ནུས་པ་དེ་བས་ཐད་ཀར་ཐོན་པ། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་ཀྲུང་ལུགས་གསོ་རིག་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། རང་རྒྱལ་གྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་། དྲང་སྙོམས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐུབ”ཅེས་བརྗོད་པ་རེད།