གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་15ཉིན། 15:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོར། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་26293ཟིན་ནས། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་མགྱོགས་པོ་དང་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་པ་རེད།
སྲིད་ཇུས་རིགས་དབྱེ་ནས་བལྟས་ན། ཚན་རྩལ་མ་འཇོག་དང་གྲུབ་འབྲས་བརྒྱུད་བཤུག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་འཐེན་འཕྲི་སོགས་སྲིད་ཇུས་ཀྱི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་8069ཟིན་པ་དང་། ཚོད་འཛིན་བཟོ་བའི་དཀའ་གནད་སེལ་བ་དང་ཚན་རྩལ་ཤེས་ལྡན་པ་གདན་ཞུ་དང་གསོ་སྐྱོང་ལ་རོགས་རམ་བྱེད་པའི་འདུས་གྲུབ་གློག་ལམ་དང་བཟོ་ལས་ཀྱི་འཕྲུལ་འཁོར་ཨ་མའི་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་གྱི་སྣོན་རྩིས་འཐེན་འཕྲི་སོགས་སྲིད་ཇུས་ཀྱི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་1328ཟིན་པ། མཐོ་གསར་ལག་རྩལ་ཁེ་ལས་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཐོ་གསར་ལག་རྩལ་ཁེ་ལས་ལ་ཁྲལ་ཚད་15%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བ་སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་དཔྱ་ཁྲལ་སྒོར་དུང་ཕྱུར་4662ཆག་ཡང་བཏང་བ། སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱིས་དཔྱ་ཁྲལ་སྒོར་དུང་ཕྱུར་1140ཆག་ཡང་བཏང་བ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་སྣོན་རྩིས་འཐེན་འཕྲི་དང་ཚབ་འཕྲི་ཁྲལ་སློག་སོགས་སྲིད་ཇུས་ཀྱི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་11094ཟིན་ཡོད་པ་རེད།
གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་སོགས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པའི་ནུས་པའི་འོག་ཚན་རྩལ་གསར་གཏོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གནས་ཐང་འཕར་ཁྲལ་གྱི་རྩིས་འཛིན་གྲངས་གཞི་ལས་མངོན་པར། 2024ལོར། རྩལ་མཐོའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་སྤྱིའི་འཕར་ཚད་ལས་བརྒྱ་ཆའི་གྲངས་9.6གིས་མགྱོགས་པ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཞབས་ཞུའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་27.1%འཕར་བ་དེ་རྩལ་མཐོའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་14.3གྱིས་མགྱོགས་པ་དེ་ཐོག་ནས་ཚན་ཞིབ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་ལ་མགྱོགས་མྱུར་སྒྱུར་བ་གསལ་བཤད་བྱས་ཡོད། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་དུས་མཚུངས་ལས་7.1%འཕར་བ་དང་། རྒྱལ་ཡོངས་ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་སྒྲུབ་བྱས་པའི་དངུལ་འབོར་དུས་མཚུངས་ལས་7.4%འཕར་ནས་གྲངས་གཞི་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།