གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་15ཉིན། 15:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་2ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥུང་གིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ་རེད།
ཧྲི་ཐའེ་ཧྥུང་གིས་པཎ་ཆེན་རིན་པོ་ཆེ་དང་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་མི་སྣར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། འདས་ཟིན་པའི་ལོ་གཅིག་རིང་པཎ་ཆེན་རིན་པོ་ཆེར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་དང་། ཤེས་བྱའི་ཆུ་ཚད། ནང་བསྟན་གྱི་ཡོན་ཚད་བཅས་སྔར་བས་མཐོ་རུ་དང་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཧུར་ཐག་ཞུགས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པར་དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེས། མུ་མཐུད་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་མཁན་རྒྱལ་གཅེས་པ་ཞིག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།