འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་15ཉིན།

༄༅།།ན་ནིང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་360ལྷག་ཙམ་ཟིན་པ།

དུས་མཚུངས་ལས་5.8%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 17:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2024ལོའི་ལོ་འཁོར་གྱི་ཟོག་འགྲེམས་འཁོར་སྐྱོད་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་ཟོག་འགྲེམས་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། སྤྱི་ཚོགས་ཀྱི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་360.6ཟིན་པ་དེ་དུས་མཚུངས་ལས་5.8%འཕར་ནས་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་ཟོག་འགྲེམས་བསྡོམས་འབོར་བརྟན་པོའི་ངང་འཕར་བ། སྤྱི་ཚོགས་ཀྱི་ཟོག་འགྲེམས་མ་གནས་བརྟན་པོའི་ངང་ཆག་པ། ཟོག་འགྲེམས་འཁོར་རྒྱུག་གི་ལས་ཕྱོད་མཐོ་རུ་ཕྲན་བུ་ཕྱིན་པ་བཅས་རེད།

གྲུབ་ཆ་ནས་བལྟས་ཚེ། ཁྱབ་ཁོངས་ཁག་གི་ཟོག་འགྲེམས་བསྡོམས་འབོར་གྱིས་བཟུང་བའི་བསྡུར་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོད་ཅིང་། ཞིང་ལས་ཐོན་རྫས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5.5ཟིན་ནས་དུས་མཚུངས་ལས་4.0%འཕར་བ་དང་། བཟོ་ལས་ཐོན་རྫས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་318.4ཟིན་ནས་5.8%འཕར་བ། ནང་འདྲེན་དངོས་ཟོག་གི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་18.4ཟིན་ནས་3.9%འཕར་བ་བཅས་རེད།

དེ་དང་ཆབས་ཅིག གྲངས་གཞི་ལས་མངོན་པར། 2024ལོར་སྤྱི་ཚོགས་ཟོག་འགྲེམས་ཀྱི་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་19.0ཟིན་ནས་དུས་མཚུངས་ལས་4.1%འཕར་ཡོད། སྤྱི་ཚོགས་ཟོག་འགྲེམས་ཀྱི་གྲོན་དངུལ་བསྡོམས་འབོར་དང་GDPཡི་བསྡུར་ཚད་14.1%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.3ཆག་པ་རེད།(པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)