འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་15ཉིན།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ཚན་པ་དང་དཔེ་དམག་མི་སྒེར་ལ་གཟེངས་བསྟོད་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 17:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཁྱབ་བཀྲམ་ནས་དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ཚན་པ་10དང་དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་མི་སྒེར་20ལ་གཟེངས་བསྟོད་བྱས་པ་རེད།

བརྡ་ཁྱབ་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་། དམག་ཡོངས་ཀྱི་དཔུང་སྡེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ། དམག་དཔུང་སྦྱོང་བརྡར་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གཡུལ་ལས་རྣམ་པར་རྒྱལ་བའི་ནུས་པ་ཆེ་རུ་གཏོང་བ། བློ་རྩ་བརྟན་ལ་སྟབས་བསྟུན་ངང་དམག་དོན་འཐབ་རྩོད་བྱེད་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་པ་བཅས་བྱས་པས། འཐབ་ས་དང་པོར་དམག་གྲབས་དམག་དོན་འཐབ་རྩོད་ཧུར་ཐག་བྱེད་པ་དང་། དངོས་འཐབ་སྦྱོང་བརྡར་གྱི་གདོང་ལེན་པ་དཔའ་ངར་ཆེན་པོས་བྱེད་པ། དམག་དོན་ཚན་རིག་ཞིབ་འཇུག་གི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པ་བཅས་ཀྱི་ཕུལ་བྱུང་དམག་ཧྲག་དང་དམག་དཔུང་སྟོབས་ཆེན་འབོར་ཆེན་ཐོན་ཡོད།

བརྡ་ཁྱབ་ནང་བླང་བྱ་བཏོན་དོན། དམག་ཡོངས་ཀྱི་དཔུང་སྡེས་གཟེངས་བསྟོད་ཐོབ་པའི་ཚན་པ་དང་མི་སྒེར་མིག་དཔེར་བཟུང་སྟེ་དམག་དཔུང་བཙུགས་ནས་ལོ་བརྒྱ་ཡི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་པ་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་གི་འཐབ་ཇུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་གྲུབ་བྱེད་དགོས།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་དང་རིག་རྡོར་གྱིས་ཞུས)